ཁྱིམ་གྱི་སྒོ་ཁར་གནས་ལུགས་ཤོད་ས་ཡོད་པ།
འདི་ནི་སྒྲོལ་མ་འདུམ་འགྲིག་ཁང་གིས་གྲོང་མི་ཨུ་ལྷན་དང་མངགས་གཏོང་ཁང་དང་མཉམ་དུ་གཏོར་བཤིག་སྐྱིན་གསབ་རྩོད་གཞི་ཞིག་འདུམ་འགྲིག་བྱེད་བཞིན་པ།
འདི་ནི་དོག་སྡེ་ཁྲོམ་གཞུང་གི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱི་ལས་དོན་པས་མང་ཚོགས་ལ་བློ་འདྲིའི་ཞབས་ཞུ་སྒྲུབ་བཞིན་པ།
འདི་ནི་དོག་སྡེ་ཁྲོམ་གཞུང་གི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱི་སྒྲོལ་མ་འདུམ་འགྲིག་ཁང་གི་འདུམ་འགྲིག་པའི་ཡོངས་བསྒྲགས་པར་སྒྲོམ་ཡིན་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དུ་སྐྱོད་སྐབས་གྲོང་མིའི་སྡོད་ཁང་གསར་པ་དང་ཚོང་ཁང་རིམ་པ་བསྟར་དུ་ཆགས་ཤིང་། ལྷོ་ངོས་གྲོང་ཚོ་དེ་ཉིད་འཁྲུག་ཆ་དོད་པའི་ཁྲོམ་གཞུང་འདིའི་ཁྲོད་དུ་གནས་ཡོད། 2023ལོར་དོག་སྡེ་ཁྲོམ་གཞུང་ཁྲིམས་འཛིན་སུའོ་ཡི“སྒྲོལ་མ་འདུམ་འགྲིག་ཁང”འདི་གར་བཙུགས་པར། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་དང་ཐག་གཅོད་བྱེད་པའི“སྒར་ས་ཆེན་པོར”གྱུར་བ་རེད།
ལྷོ་ངོས་གྲོང་ཚོའི་གྲོང་མི་བསོད་ནམས་ཀྱིས“སྒྲོལ་མ་འདུམ་འགྲིག་ཁང”ནས་རྒྱུད་རིམ་བཞིན་ཁོམ་པ་ཡོད་ཕྱིན་དེའི་ནང་ལྟ་བར་འགྲོ་གི་ཡོད། ཁོང་གིས“དེ་སྔ་ཚང་མར་འགལ་བ་དང་རྩོད་གཞི་ཐོན་སྐབས་སུ་ཞིག་འཚོལ་དགོས་པ་ཤེས་ཀྱི་མེད་ལ་སྡེ་ཚན་གང་ཞིག་ཏུ་འགྲོ་དགོས་མིན་ཡང་ཤེས་ཀྱི་མེད། ‘སྒྲོལ་མ་འདུམ་འགྲིག་ཁང’བཙུགས་པ་ནས་བཟུང་ང་ཚོར་གནས་ལུགས་ཤོད་ས་ཞིག་བྱུང་སོང”ཞེས་བཤད།
ཡུན་རིང་མ་སོང་བའི་གོང་། བསོད་ནམས་ལ་ཁང་པ་བོགས་གཏོང་གི་རྩོད་གཞི་ཞིག་འཕྲད་ཅིང་། བོགས་མར་ལེན་མཁན་ཕྱོགས་ཀྱིས་གན་རྒྱའི་ཁ་ཆད་ལྟར་ཁོང་ལ་འབྲེལ་ཡོད་གྲོན་དངུལ་སྤྲད་མེད། “སྒྲོལ་མ་འདུམ་འགྲིག་ཁང”གིས་ཁོང་གཉིས་པོར་འདུམ་འགྲིག་བྱས་མཐར་ཕྱོགས་གཉིས་ཀ་བློ་ཡིད་ཚིམ་པའི་ཐག་གཅོད་བྱུང་བ་རེད།
དོག་སྡེ་ཁྲོམ་གཞུང་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་པ་སངས་སྒྲོལ་མས“དེ་སྔ་མི་དམངས་འདུམ་འགྲིག་ལས་དོན་ལ་རྒྱུས་མངའ་དེ་ཙམ་མེད་ལ། མང་ཚོགས་ལ་རྩོད་གཞི་འཕྲད་སྐབས་མི་དམངས་འདུམ་འགྲིག་བྱ་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་མཁན་ཡང་མང་པོ་མེད”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། དོག་སྡེ་ཁྲོམ་གཞུང་ཁྲིམས་འཛིན་སུའོ་ཡིས་འདུམ་འགྲིག་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། འདུམ་འགྲིག་སྟབས་བདེ་དང་། ནུས་ཆེ། རིན་མེད་བཅས་ཀྱི་ཁྱད་ཆོས་དྲིལ་བསྒྲགས་བྱས་ཏེ་མི་དམངས་འདུམ་འགྲིག་ལས་དོན་ཤེས་རྟོགས་ཐུབ་མཁན་སྔར་བས་མང་དུ་བཏང་ཡོད། དེ་དང་ཆབས་ཅིག མང་ཚོགས་ལ་ཚད་གཞི་མཐོ་པོས་ཞབས་འདེགས་ཞུ་ཆེད། དོག་སྡེ་ཁྲོམ་གཞུང་ཁྲིམས་འཛིན་སུའོ་ཡིས་དྲ་ཐོག་དམངས་དོན་ཀུན་སྒྲུབ་ལས་སྟེགས་བཏོན་པ་དང་། མང་ཚོགས་ཀྱིས་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་རྗེས་རེ་འདུན་ཞུ་ཆོག་པ་མ་ཟད། དུས་ཐོག་ཏུ་ཕྱིར་ལན་ཡང་ཐོབ་ཀྱི་ཡོད།
མི་དམངས་འདུམ་འགྲིག་གི་ས་བོན་འབྲི་རུ་རྫོང་དུའང་རྩ་བ་ཚུགས་ནས་ཁྲིམས་འཛིན་གྱི་འབྲས་བཟང་ཐོན་ཡོད། འབྲི་རུ་རྫོང་བན་དཀར་ཤང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི“རྣམ་གྲགས་འདུམ་འགྲིག་ཁང”2018ལོར་བཙུགས་ཤིང་། འདུམ་འགྲིག་ཁང་དེས་2010ལོའི་རྒྱལ་ཡོངས་ཀྱི་དམངས་དོན་དུ་ཁྲིམས་འཛིན་པའི་མིག་དཔེ་བཟང་པོ་དང་རང་སྐྱོང་ལྗོངས་གྱི“ཁྲིམས་སྐྱོང་པ་ཡག་ཤོས་བཅུ”དང་། 2017ལོའི་རྒྱལ་ཡོངས་ཀྱི་དཔེ་བཟང་འདུམ་འགྲིག་པ། 2022ལོའི་རང་སྐྱོང་ལྗོངས་རིམ་པའི་འདུམ་འགྲིག་པ་ཡག་ཤོས་བཅས་ཀྱི་མཚན་སྙན་ཐོབ་པའི་རྣམ་གྲགས་མི་སྒེར་གྱི་མིང་ཐོག་ནས་མིང་བཏགས་པ་རེད།
1980ལོ་ནས་བཟུང་། མི་དམངས་འདུམ་འགྲིག་པ་རྣམ་གྲགས་ཀྱིས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་ནང་ལས་འགན་འཁུར་འགོ་ཚུགས་ཤིང་། གཞི་རིམ་ལས་དོན་ཇི་ལྟར་སྒྲུབ་པའི་ཐད་ཁོང་ལ་རང་ཉིད་ཀྱི་ཉམས་མྱོང་ཡོད་ལ། ཁོང་ཡང་ཚང་མས་ཁས་ལེན་པའི“འདུམ་འགྲིག་རིགས་གཅིག་མཁས་ཅན”ལ་གྱུར་བ་རེད།
“འདུམ་འགྲིག་ལས་དོན་དེ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་དགོས་ལ་གནས་ལུགས་དང་ཡང་བསྟུན་དགོས”ཞེས་རྣམ་གྲགས་ཀྱིས་བཤད། “རྣམ་གྲགས་འདུམ་འགྲིག་ཁང”འགོ་འཛུགས་སར་བྱས་ཏེ། 2023ལོར་བན་དཀར་ཤང་གིས“ཤ་ཉེ་འདུམ་འགྲིག་རུ་ཁག”བཙུགས་པར་མིག་སྔར་འདུམ་འགྲིག་པ་བསྡོམས་119ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ(གྲོང་ལྷན)23ལ་ཁྱབ་ཡོད། རྣམ་གྲགས་ཀྱིས་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་འདུམ་འགྲིག་ཚོགས་པ་དེའི་སྣེ་ཁྲིད་དེ་གཞི་རིམ་དུ་བསྐྱོད་ནས། གཞི་རིམ་བཅོས་སྐྱོང་སྲ་བརྟན་དུ་གཏོང་བ་དང་ཁོངས་གཏོགས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།
ཁྱིམ་གྱི་སྒོ་ཁའི་འདུམ་འགྲིག་ཁང་ནི་དམངས་དོན་དུ་ཁྲིམས་འཛིན་པའི་ལག་ལེན་ནུས་ལྡན་ཞིག་ཡིན་ལ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་བཀྲག་མདངས་འཚེར་ས་ཞིག་ཀྱང་ཡིན།
གསར་འགོད་པས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱས་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཁྲིམས་འཛིན་ཐིང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་།“འཛུགས་གཏོད་བཞི”དང་། “མདུན་གྲལ་དུ་སླེབས་པ་བཞིར”ཞབས་ཞུ་འགན་སྲུང་བྱེད་པར་དམིགས་ཏེ། མི་དམངས་འདུམ་འགྲིག་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་འགན་ནུས་གང་ལེགས་བཏོན་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
འདུམ་འགྲིག་ལས་དོན་ཏན་ཏིག་བསྒྲུབས་ཏེ་འབྱུང་རྩ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཆེད། ལྗོངས་ཁྲིམས་འཛིན་ཐིང་གིས་གཏུག་བཤེར་བྱེད་མི་དགོས་པའི་རྩོད་གཞི་སེལ་བའི་ལམ་སྲོལ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས《དུས་རབས་གསར་པའི་མི་དམངས་འདུམ་འགྲིག་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《གཏུག་བཤེར་འདུམ་འགྲིག་སྦྲེལ་མཐུད་ལས་དོན་བྱ་ཐབས》སོགས་འདུམ་འགྲིག་ལས་དོན་གྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་མང་པོ་དང་རང་ལྗོངས་ཀྱི་འདུམ་འགྲིག་ལས་དོན་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་སྲོལ་ཡིག》བཏོན་ནས། གཏུག་བཤེར་འདུམ་འགྲིག་དང་། ཉེན་རྟོག་འདུམ་འགྲིག བཅར་འདྲི་འདུམ་འགྲིག་བཅས་སྦྲེལ་མཐུད་དང“འདུམ་འགྲིག་གསུམ”མཉམ་འགུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་གྱི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཁག་773བཙུགས་པ་རེད།
ལྗོངས་ཡོངས་ཀྱི་ས་གནས་ཁག་གི་གཞི་རིམ་ཁྲིམས་ཁང་དང་། སྤྱི་བདེ། ཡིག་འབུལ་ཞུ་བཅར་སོགས་སྡེ་ཚན་གྱིས་མི་དམངས་འདུམ་འགྲིག་ཁང་བཙུགས་ཤིང་། མིག་སྔའི་བར་འདུམ་འགྲིག་རྩ་འཛུགས་ཁྱོན་7032ཡོད། ལྗོངས་ཡོངས་ཀྱི་རིགས་ཁག་གི་འདུམ་འགྲིག་རྩ་འཛུགས་ལ་ཆེད་གཉེར་མི་དམངས་འདུམ་འགྲིག་པ་1881བཀོད་སྒྲིག་བྱས་པ་དང་ཆེད་གཉེར་དང་གཅིག་ལྕོགས་ཟུང་འབྲེལ་གྱི་མི་དམངས་འདུམ་འགྲིག་པ་ཁྲི་4.14ལྷག་ཙམ་ཡོད་པའི་དཔུང་ཁག་བཙུགས་ཡོད།
2023ལོར་རང་ལྗོངས་ཀྱི་ཚན་པ་གསུམ་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་ཀའི་བྱ་ཐབས”ཚན་པར་བདམས་པ་དང་འབྲེལ་གཟེངས་བསྟོད་ཀྱང་ཐོབ་ཡོད། མིག་སྔའི་བར་སྔ་རྗེས་སུ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་31དང་འདུམ་འགྲིག་པ་87ལ་རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པའི་གཟི་བརྗིད་མཚན་སྙན་སོ་སོར་ཐོབ་པ་དང་། ལྗོངས་ཡོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཚད་ཤིང་བཙུགས་ཡོད།
ད་ཆ་འདུམ་འགྲིག་ཁང་གིས་དམངས་ཕན་ཞབས་ཞུ་ལྟེ་གནས་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། “གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སོགས་ཀྱི་སྒྲིག་གཞི་དང་མཉམ་དུ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱོར་བ་དང་ཕན་འབྲས་ཆེ་རུ་གཏོང་བཞིན་ཡོད། འདུམ་འགྲིག་ཁང་ཆུང་ངུ་ཞིག་གིས་རྩོད་གཞི་ཐག་གཅོད་ཐུབ་པ་མ་ཟད། དེ་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གདོང་ལེན་དཔུང་སྡེ་ཞིག་དེ་བས་རེད།
འབྲེལ་ཡོད་གསར་འགྱུར།