ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཆང་བཏུངས་འཁོར་གཏོང་ལ་རྒྱུན་རྣམ་ཅན་གྱི་མཚན་བཤེར་བྱས་པ།
ནུས་ཤུགས་ཡོད་རྒུས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོན་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས“ཕྱོགས་བསྡུས་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད”ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་ལ་མཚན་བཤེར་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་བྱས་ཤིང་། བྱ་སྤྱོད་སྤེལ་རིང་། གྲོང་ནུབ་རུ་ཆེན་གྱིས་བརྒྱད་གཅིག་ལམ་དུ་ཞིབ་བཤེར་ས་ཚིགས་བཙུགས་པ་དང་གྲོང་ཤར་རུ་ཆེན་གྱིས་གཙང་རལ་ལམ་རྒྱུད་དུ་སྐོར་གཡེང་སྐོར་ཞིབ་བྱས་ཏེ“དམིགས་འཛུགས་སྡོད་བྱ་དང་སྟབས་བསྟུན་སྐོར་གཡེང”གི་བྱེད་ཐབས་སྤྱད་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བ་རེ་རེ་བཞིན་ལ་གྲལ་བཤེར་བྱས་ཏེ“ཐར་པར་གཏན་ནས་མི་གཏོང་བ་དང་ཁྲིམས་སྒྱུར་ནན་པོ་བྱེད་པའི”དམ་བསྒྲགས་ཀྱི་རྣམ་པའི་ཐོག་ནས་ཆང་བཏུངས་འཁོར་གཏོང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཡོད།
ཞིབ་བཤེར་བྱ་ཡུལ་དུ་ཉེན་རྟོག་པས“ཁྲིམས་སྒྱུར་ནན་པོ་དང་ས་གནས་ས་ཐོག་ཏུ་སློབ་གསོ་གཏོང་བའི”ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཆང་བཏུངས་འཁོར་གཏོང་གི་དོགས་གཞི་ཡོད་པའི་ཁྲིམས་འགལ་ཁ་ལོ་བར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། ས་གནས་ས་ཐོག་ཏུ་ཁ་ལོ་བར་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་གཏོང་བ་དང་དོན་དངོས་ཀྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཆང་བཏུངས་འཁོར་གཏོང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གསལ་འགྲེལ་བྱས་ནས། དུས་རྟག་ཏུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་དགོས་པའི་ནན་བཤད་བྱས་པ་རེད།
ཆང་བཏུངས་འཁོར་གཏོང་ནི་རང་ཉིད་ཀྱི་ཚེ་སྲོག་ལ་སྣང་མེད་བཏང་བ་ཞིག་ཡིན་པ་མ་ཟད། མི་གཞན་གྱི་བདེ་འཇགས་ལའང་ཉེན་ཁ་ཚབས་ཆེན་བཟོ་བའི་བྱེད་སྤྱོད་ཅིག་རེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བ་ཚོར“ལྟེས་དབང་གི་བསམ་བློ”དོར་དགོས་ལ། “ཆང་རག་བཏུངས་ན་རླངས་འཁོར་མི་གཏོང་བ་དང་། རླངས་འཁོར་བཏང་ན་ཆང་རག་མི་བཏུང་བའི”སྒྲིག་སྲོལ་ལ་སྲུང་བརྩི་ཞུ་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།