སྟོད་ལུང་བདེ་ཆེན་ཆུས་ཞིབ་དཔྱོད་ཁང་གིས།
དཔུང་སྡེ་དང་ས་གནས་མཉམ་ལས་བྱས་ནས་སྐྱེ་ཁམས་བཅོས་སྒྲིག་གི་དཀའ་གནད་བསལ་བ།
ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཞིབ་དཔྱོད་ཁང་ལ་ཁུལ་གསུམ་སྣོལ་མཚམས་ཤིག་ཏུ་ཨར་སྐྲུན་རྒྱུ་ཆའི་གད་སྙིགས་དང་འཚོ་བའི་གད་སྙིགས་མང་པོ་སྤུངས་པ་དག་ཐལ་རླུང་གིས་འཁྱེར་བ་མ་ཟད། གནམ་གཤིས་ཚ་བ་ཆེ་སྐབས་དེར་སྦྲང་མ་འཁོར་བ་དང་དྲི་ངན་གང་སར་འཐུལ་ནས་ཉེ་འཁོར་གྱི་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོ་གི་འདུག་ཅེས་པའི“སྤྱི་དམངས་ལ་ཕན་སེམས་འཆང་མཁན”དང་བླངས་པ་ཞིག་གི་ཐེར་འདོན་སྙན་སེང་འབྱོར། མང་ཚོགས་ཀྱི་འདུན་ཞུ་ཐག་གཅོད་བྱ་རྒྱུ་ནི་ཞིབ་དཔྱོད་འགན་འཁྲིའི་མཐའ་མའི་དམིགས་ཡུལ་ཡིན་པར་དམིགས་ནས་ཞིབ་དཔྱོད་ཁང་གི་ལས་དོན་པས་འཕྲལ་མར་ས་ཡུལ་དངོས་ལ་སྐྱོད་སྐབས། དེ་ནི་ས་ཁུལ་ཁག་གསུམ་ལ་རྩོད་པ་བྱུང་ནས་དོ་དམ་མི་བྱེད་པར་བཞག་པའི་ས་ཆ་དུམ་བུ་ཞིག་ཡིན་པའི་ཁར་དཔུང་སྡེ་ཞིག་གི་ས་ཁོངས་སུའང་ཐེ་བར་མུའུ་250ཙམ་ཟིན་པ་དང་མང་ཚོགས་ཀྱི་ཐེར་འདོན་བྱས་པ་དོན་དངོས་ཡིན་ཚུལ་ཤེས་རྟོགས་བྱུང་ཡོད།
མང་ཚོགས་ཀྱི་འདུན་ཞུ་ཐག་གཅོད་གང་མགྱོགས་ཡོང་ཆེད། ཞིབ་དཔྱོད་ཁང་གིས་ལྷ་སའི་དམག་དོན་ཞིབ་དཔྱོད་ཁང་དང་འབྲེལ་བ་བྱས་ཏེ། དཔུང་སྡེ་དང་ས་གནས་གཉིས་ཀྱི་ཞིབ་དཔྱོད་ལས་དོན་གྱི་མཉམ་ཤུགས་ཆགས་པར་བྱས་ནས་དཔུང་སྡེ་དང་སྟོད་ལུང་བདེ་ཆེན་ཆུས་གྲོང་ཁྱེར་དོ་དམ་ཅུས་དང་དེ་བཞིན་ཕྱོགས་གསུམ་པའི་ཁེ་ལས་ཀྱི་འགན་འཁུར་གཙོ་བོ་བཅས་བསྡུས་པའི་མཉམ་འབྲེལ་ཚོགས་འདུ་ཐེངས་མང་འཚོགས་ནས། ཐག་གཅོད་ཀྱི་ཇུས་གཞི་དང་བྱ་ཐབས་ལ་གྲོས་མོལ་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་ཁག་བགོས་དང་བཅོས་སྒྲིག་གི་བླང་བྱ་ཁ་གསལ་བཟོས་མཐར་སྤྱི་ཕན་གཏུག་བཤེར་གྱི་འདྲི་གཅོད་མ་བྱས་གོང་གི་གྲོས་མོལ་བྱེད་སྟངས་ཐོག་ནས་ཐུན་མོང་གི་ངོས་འཛིན་བྱུང་བ་མ་ཟད། དཔུང་སྡེ་དང་ས་གནས་གཉིས་ཀྱིས་མཐུན་སྦྱོར་ལྟ་སྐུལ་བྱེད་པའི་ཐོག་ནས་ཕྱོགས་སོ་སོའི་གྲོས་མོལ་བསམ་འཆར་ཡི་གེའང་བཟོས་ནས་སྤྲད་པ་རེད།
ཟླ་བ་གཉིས་ཀྱི་བཅོས་སྒྲིག་བྱེད་རིང་། འབྲེལ་ཡོད་ཁེ་ལས་དང་། སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་49ལྷག་ཙམ་བཏོན་ནས་ལྡུག་འཁོར་ཐེངས་106དང་། སྔོག་འདོན་འཕྲུལ་འཁོར་ཐེངས་45 ས་རྡོ་དབོར་མཁན་རླངས་འཁོར་ཐེངས་91 གད་སྙིགས་དབོར་མཁན་རླངས་འཁོར་ཐེངས་80 མི་ཤུགས་མི་ཐེངས་340བཅས་བཏང་ནས་དེ་གར་ལོ་གཅིག་སྤུངས་པའི་ཨར་སྐྲུན་གྱི་གད་སྙིགས་ཏུན་ཁྲི་4.5ལྷག་ཙམ་དང་འཚོ་བའི་གད་སྙིགས་ཏུན་500ལྷག་ཙམ་ཚང་མ་གཙང་བཟོ་བྱས་ཏེ་ས་ཁོད་ཀྱང་སྙོམས་པ་རེད། དེར་བརྟེན་ཞིབ་དཔྱོད་ཁང་དང་དམག་དོན་ཞིབ་དཔྱོད་ཁང་གིས་ཡུན་རིང་ཐག་གཅོད་མི་ཐུབ་པར་ལུས་ཤིང་ཉེ་འཁོར་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་བཅོས་སྒྲིག་བྱེད་དཀའ་བའི་གནད་དོན་ཐག་གཅོད་བདེ་བླག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།