ཁྱེད་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཤེས་སམ།
བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།
སྲོག་ཆད་དུས་འགྱངས།
མི་མང་པོ་ཞིག་གིས་སྲོག་ཆད་དུས་འགྱངས་ཟེར་བ་གང་ཞིག་ཡིན་པ་ཤེས་ཀྱི་མེད། མི་ཆེ་གེ་མོ་ཞིག་ལ་སྲོག་ཆད་དུས་འགྱངས་བྱས་འདུག་ཅེས་ཤོད་ཀྱི་ཡོད། དོན་དངོས་ཐོག་སྲོག་ཆད་དུས་འགྱངས་ནི་ཁྲིམས་ཆད་མིན་པར་སྲོག་ཁྲིམས་ལག་བསྟར་བྱེད་སྟངས་ཤིག་རེད། སྲོག་ཆད་དུས་འགྱངས་ལ་ཡང་དག་པའི་གོ་བ་ལེན་སྟངས་ནི། མི་ཆེ་གེ་མོར་སྲོག་ཆད་བཅད་མོད། འོན་ཀྱང་ལག་བསྟར་ཕྱིར་འགྱངས་བྱེད་པ་དེ་རེད།
ར་བཟི་བའི་ཉེས་དོན་འགན་འཁྲི།
ར་བཟི་བར་ལུས་ཁམས་རང་བཞིན་གྱི་ར་བཟི་བ་དང་ནད་ལུགས་རང་བཞིན་གྱི་ར་བཟི་བ་གཉིས་ཡོད། ལུས་ཁམས་རང་བཞིན་གྱི་ར་བཟི་བར་ཉེས་དོན་འགན་འཁྲི་འཁུར་དགོས། ནད་ལུགས་རང་བཞིན་གྱི་ར་བཟི་བ་ནི་སྨྱོ་ནད་ལ་གཏན་འཁེལ་བྱས་པས་ཉེས་དོན་འགན་འཁྲི་འཁུར་དགོས་མེད། འོན་ཀྱང་། རྐང་བཙུགས་ནས་ནད་ལུགས་རང་བཞིན་གྱི་ར་བཟི་སྟེ་ཉེས་པ་བསགས་པའི་གནས་ཚུལ་འོག ཉེས་དོན་འགན་འཁྲི་འཁུར་དགོས།
བྱིས་པ་འཚུབ་ཐེར་གྱི་ཕ་མའི་སྐོར།
དེ་སྔ་ཏུའུ་པན་གྱི་དྲ་ཚིགས་ནས་གནས་ཚུལ་ཞིག་མཐོང་བ་སྟེ། བྱིས་པ་འཚུར་ཐེར་ཞིག་གིས་ཁོའི་མ་སྤུན་གཅེན་མོའི་སྒོར་ཁྲི་2ལྷག་ཙམ་རི་བའི་ཉན་བྱེད་འཕྲུལ་ཆས་ཤིག་ལ་སྐྱོན་བཏང་འདུག གནས་ཚུལ་ཞིབ་ཕྲ་ངས་དྲན་གྱི་མི་འདུག འོན་ཀྱང་གྱོད་གཞི་དེ་རིགས་ཀྱི་ཁྲོད་བྱིས་པ་འཚུབ་ཐེར་གྱི་ཕ་མ་རང་སར་ཡོད་པ་དང་། མ་ཟད་རིན་ཐང་ཧ་ཅང་ཆེན་པོ་ཡིན་པ་ཤེས་བཞིན་དུ་ཕ་མས་བྱིས་པ་འཚུབ་ཐེར་ལ་བཀག་འགོག་མ་བྱས་པ་ལས་རྒྱུ་ནོར་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཚེ། བྱིས་པ་འཚུབ་ཐེར་གྱི་ཕ་མས་འགན་མི་འཁུར་བའི་ཉེས་པ(ཉེས་གསོག་རིགས་གཞན་དག་ཚུད་པ)བསགས་པར་བརྩི་ཆོག
བྱ་བ་མི་བྱེད་པའི་རྐང་བཙུགས་ནས་མི་བསད་པའི་ནག་ཉེས།
དེ་ཡང་རྒྱུན་དུ་ཤོད་པའི་སྐད་ཆ་སྟེ། དགའ་རོགས་ལ་ང་དང་རང་གི་ཨ་མ་མཉམ་དུ་ཆུར་ལྷུངས་ཚེ། རང་གིས་སྔོན་ལ་སུ་སྐྱོབ་རྩིས་ཡོད་དམ་ཞེས་པའི་དྲི་བ་དེ་རེད།
གལ་ཏེ་ཁྱོད་ཀྱིས་ཉེས་ཁྲིམས་ཅུང་ཟད་ཤེས་ཀྱི་ཡོད་ན། ངེས་པར་དུ་སྔོན་ལ་རང་གི་ཨ་མ་སྐྱོབ་དགོས། བཅའ་ཁྲིམས་ཐོག རང་གི་ཕ་མར་བཀུར་བསྟི་ཞབས་ཏོག་བྱེད་པའི་འོས་འགན་ཡོད། དེར་བརྟེན་ཕ་མ་ཉེན་ཁའི་གནས་སུ་གྱར་སྐབས། ཁྱེད་ལ་ཁྲིམས་བཀོད་ལྟར་རོགས་སྐྱོབ་འོས་འགན་ཡོད། གལ་ཏེ་རོགས་སྐྱོབ་བྱེད་ཐུབ་ཀྱང་མ་བྱས་པར་ཤི་བའི་མཇུག་འབྲས་ཐོན་ཚེ། བྱ་བ་མི་བྱེད་པའི་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་སུ་གྱུར་སྲིད། འོན་ཀྱང་དགའ་རོགས་སྐྱོབ་པ་དེ་ནི་ཀུན་སྤྱོད་ཀྱི་འོས་འགན་ཁོ་ན་ཡིན་པས། མ་བསྐྱབ་ནའང་ཁྲིམས་ལས་འགལ་མེད།
གལ་ཏེ་གཉེན་སྒྲིག་ལག་ཁྱེར་བླངས་ཡོད་ན། ཟུར་འབྱེད་དབྱེ་ཞིབ་བྱེད་དགོས་པ་སྨོས་མེད་ཡིན་པས། གཉིས་ཀ་སྐྱོབ་དགོས། གནས་ལུགས་དེ་དང་འདྲ་བར། རང་གི་ཕྲུ་གུ་དང་མི་གཞན་གྱི་ཕྲུ་གུ་ཆུར་ལྷུང་སྐབས། སྔོན་ལ་རང་གི་ཕྲུ་གུ་སྐྱོབ་དགོས།
ཉེན་ཁ་ཆེ་བའི་བྱ་སྤྱོད་ལས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས།
འཆི་ལམ་རང་འཚོལ་བྱེད་མཁན་མང་པོ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་གཏོང་བཞིན་པའི་ཁ་ལོ་བར་འཇབ་རྒོལ་བྱེད་ཀྱི་ཡོད། འདི་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ལས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་གི་བྱེད་སྤྱོད་ཅིག་རེད། དེས་མ་ཚད་ཉེས་པ་དེ་ནི་ཉེན་ཁ་ཆེ་བའི་ཉེས་གསོག་ཅིག་ཡིན་པས། དོན་དངོས་ཀྱི་གནོད་འཚེ་བཏང་བའི་མཇུག་འབྲས་ལ་ལྟ་དགོས་ཀྱི་མེད། གལ་ཏེ་གནོད་འཚེ་ཕོག་ཚེ། ཁྲིམས་བཀོད་ཉེས་ཆད་དེ་ཐད་ཀར་ལོ་བཅུ་ཡན་གྱི་དུས་བཙོན་དང་། ཚེ་བཙོན། སྲོག་ཆད་བཅས་ལ་སྤོར་ཆོག་གི་ཡོད།
སྐྱེད་ཆེའི་དངུལ་བུན་བསྐོར་གཏོང་གི་བྱས་ཉེས།
ལོ་ཤས་རིང་མི་མང་པོ་ཞིག་གིས་དངུལ་བུན་བཏང་བ་དང་། ཐ་ན་མི་ཁ་ཤས་ཀྱིས་དངུལ་ཁང་ནས་དངུལ་གཡར་ཏེ་མི་གཞན་ལ་དངུལ་བུན་གཏོང་གི་ཡོད། གལ་ཏེ་ཁྱེད་ལ་ཁེ་བཟང་མང་པོ་རགས་ཚེ་ནག་ཉེས་བརྟག་དཔྱད་བྱེད་སྲིད།
སྤོ་བསྒྱུར་རང་བཞིན་གྱི་འཕྲོག་བཅོམ།
ཁང་པའི་ནང་རྐུན་མ་འཛུལ་ནས་རྐུ་རྒྱག་པ་ཤེས་རྗེས། རྐུན་མས་དོ་བདག་གི་ལག་པར་གྲི་བརྒྱབ་པས་ཁོ་བཟུང་བ་རེད། ཁང་པའི་ནང་འཛུལ་ནས་རྐུ་འཕྲོག་བྱས་པའི་གྲངས་འབོར་ཧ་ཅང་ཆེན་པོ་ཡོད་པ་ཕུད། ཉེས་ཚབས་ཆུང་བར་ལོ་གསུམ་མན་གྱི་དུས་བཙོན་དང་བཀག་ཉར་སོགས་ལས་བྱེད་ཀྱི་མེད། མ་གཞི་གྲི་བརྒྱབ་པ་དེས་ཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱས་པར་གྱུར་ནས། ལོ་བཅུ་ཡན་གྱི་དུས་བཙོན་དང་ཚེ་གང་བཙོན་འཇུག་གམ་སྲོག་ཆད་ལ་གྱུར་ཡོད། འོན་ཀྱང་རྐུ་རྒྱག་གི་ལས་དེ་བྱས་ཚར་ཡང་ཉེས་ཁྲིམས་ཀློག་ཙམ་བྱས་ན་སྲོག་ཆད་ཀྱི་ཚད་དུ་སླེབས་མེད་པ་ཤེས་སྲིད།
གཞུང་དོན་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས།
ཉེ་ཆར་མི་ཞིག་གིས་ཀྲི་ཧུའུ་དྲ་ཚིགས་ཐོག་ཁོའི་ཨའོ་མོན་གྱི་གྲོགས་པོ་ཞིག་གིས་ཉེན་རྟོག་པར་ཉེས་རྡུང་བཏང་བས། གཞུང་དོན་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་ཐོག་ནས་ཞུ་གཏུག་བྱས་པས། ཇི་ལྟར་བྱེད་དགོས་མིན་དྲིས་པ་མཐོང་བྱུང་།
སྤྱིར་བཏང་གི་ཉེས་པ་བསགས་མིན་གྱི་གནད་དོན་ཐད་ཁྲིམས་རྩོད་པས་གྱོད་ཡིག་སྐོང་འཐེན་བྱས་ན་མ་གཏོགས་གྱོད་གཞིའི་གནས་ཚུལ་ཧྲིལ་པོ་རྒྱུས་ལོན་བྱེད་ཁག་པོ་རེད། དེར་བརྟེན་ཡང་དག་པའི་ལན་འདེབས་མི་ཐུབ། ཉེན་རྟོག་པར་ཉེས་རྡུང་བཏང་བ་འདི་ལྟ་བུ་ཡིན་ན། གལ་ཏེ་ཉེན་རྟོག་པ་སྐབས་དེར་ལས་འགན་སྒྲུབ་པའི་སྒང་མིན་པ་ར་སྤྲོད་བྱེད་པའི་དཔང་རྟགས་ཡོད་ན། ཉེས་པ་དེ་གྲུབ་མི་སྲིད། དེ་མིན་གལ་ཏེ་ཉེན་རྟོག་པས་སྤྱིར་བཏང་གི་གྱོན་ཆས་གྱོན་ཞིང་ཐོབ་ཐང་གསལ་སྟོན་བྱས་མེད་ན། ནོར་འཛོལ་བྱུང་ཡང་ཉེས་པ་བསགས་པའི་ཁོངས་སུ་མི་གཏོགས།
རང་ཉིད་ཀྱི་དངོས་པོ་བརྐུས་པ།
གལ་ཏེ་རྐུན་མའི་ལག་ནས་རང་ཉིད་ཀྱི་དངོས་པོ་བརྐུས་ན་ཉེས་གསོག་ཏུ་མི་གྲུབ། རང་ཉིད་ཀྱི་དངོས་པོ་བརྐུས་པ་ནི་སྒེར་གྱི་རྒུད་སྐྱོབ་ལ་གཏོགས། འོན་ཀྱང་གལ་ཏེ་རྐུན་མས་བརྐུས་རྗེས་གཞན་ལ་བརྒྱུད་འཚོང་ཟིན་པ་དང་། མི་གཞན་དེར་ཐོབ་པ་མ་ཟད་བདག་ཏུ་བཟུང་ཚེ། ཁྱོད་ཀྱིས་ཡང་བསྐྱར་བརྐུས་ན་རྐུ་འཕྲོག་བྱས་ཉེས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད།
མགོ་སྐོར་བཏང་ནས་བཙན་གཡེམ་བྱས་པའི་སྐོར།
རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་དང་དབྱེ་འབྱེད་བྱེད་ནུས་ཡོད་པའི་མི་དར་མར་མགོ་སྐོར་ཐེབས་ནས་བཙན་གཡེམ་བྱས་པའི་གནས་ཚུལ་ཡོད་མི་སྲིད། དེར་བརྟེན་མགོ་སྐོར་ཐེབས་ནས་བཙན་གཡེམ་བྱས་པར་རྩིས་ཀྱི་མེད།
མི་དཀྱུས་མར་གོང་འོག་གི་འབྲེལ་བའི་ཁྲོད་བཙན་ཤེད་ཀྱི“ལྐོག་སྲོལ”བྱེད་དགོས་བྱུང་ཚེ། བཙན་གཡེམ་ཁོངས་སུ་མི་ཚུད། འོན་ཀྱང་དམིགས་བསལ་ཞིག་ཡོད་པ་དེ་ནི་དམག་མིའི་བཟའ་ཟླ་རེད།
གཞན་ལ་དངུལ་གཡར་ཚེ། ཁ་ཆད་བྱས་པའི་སྐྱེད་ཀར་ཚོད་འཛིན་ཡོད་དམ།
《དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་གྱོད་གཞི་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་ཀྱི་སྤྱོད་འཐུས་གནད་དོན་འགའ་ཤས་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས》ཀྱི་དོན་ཚན་ཉེར་དྲུག་པའི་ནང“དངུལ་བུན་གཏོང་ལེན་ཕྱོགས་གཉིས་ཀྱིས་ཁ་ཆད་བྱས་པའི་སྐྱེད་ཚད་ལོ་རེའི་སྐྱེད་ཚད་ཀྱི་24%ལས་བརྒལ་མེད་པ་དང་། དངུལ་བུན་གཏོང་མཁན་གྱིས་དངུལ་བུན་ལེན་མཁན་ལ་ཁ་ཆད་བྱས་པའི་སྐྱེད་ཚད་ལྟར་སྐྱེད་ཀ་སྤྲོད་རྒྱུའི་རེ་བ་འདོན་ཚེ། མི་དམངས་ཁྲིམས་ཁང་གིས་དེར་རྒྱབ་སྐྱོར་བྱེད་དགོས” དེར་བརྟེན། དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་གན་རྒྱའི་ནང་ཁ་ཆད་བྱས་པའི་སྐྱེད་ཚད་ནི་ལོ་རེའི་སྐྱེད་ཚད་ཀྱི་24%ལས་བརྒལ་བ་སྟེ་ཟླ་རེའི་སྐྱེད་ཚད་2%ཡིན་པས། དེར་བཅའ་ཁྲིམས་ཀྱིས་རྦད་དེ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
གཡར་འཛིན་ཡོད་ན་གཏུག་བཤེར་ལ་རྒྱལ་ཁ་ཐོབ་ངེས་ཡིན་ནམ།
རྒྱལ་ཁ་ཐོབ་ངེས་ཡིན་ག་ལ་སྲིད། གཡར་འཛིན་གྱིས་དངུལ་བུན་གཏོང་ལེན་ཕྱོགས་གཉིས་པོའི་དབར་ཁ་ཆད་ཡོད་པ་ཁོ་ན་ར་སྤྲོད་བྱེད་ཐུབ། གལ་ཏེ་དངུལ་བུན་དངོས་སུ་སྤྲད་མེད་ན། དོན་དངོས་ཐོག་གཡར་འཛིན་ལ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་མི་སྲིད། དེར་བརྟེན་དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་ཁྲོད་ཡིག་ཐོག་ནས་དངུལ་བུན་གཏོང་ལེན་གྱི་གན་རྒྱ་འཇོག་དགོས་པ་དང་དུས་མཚུངས་སུ་དངུལ་ཁང་ནས་དངུལ་སྒྱུར་བའི་ཐོག་ནས་དངུལ་སྤྲོད་གང་ཐུབ་བྱེད་པ་ལས་ཐད་ཀར་དངུལ་སྨར་སྤྲོད་པའི་གཏོང་སྤྲོད་བྱེད་སྟངས་སྤྱོད་རྒྱུ་མེད་པ་དང་གཏོང་སྤྲོད་ཀྱི་དཔང་ཡིག་ཀྱང་སོར་འཇོག་བྱས་ནས། དངུལ་བུན་གཡར་མཁན་གྱིས་སྒལ་རལ་བཤད་པའི་དབང་གིས་དགོས་མེད་ཀྱི་རྙོག་དྲ་མི་ཡོང་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།