དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • “དར་དམར་གྱི་དོ་དམ་པ་ཆུང་ངུས”གཞི་རིམ་ལ“བྱས་རྗེས་ཆེན་པོ”བཞག་པ།

    —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་མིང་བྱང་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    འདི་ནི“དར་དམར་གྱི་དོ་དམ་པ་ཆུང་ངུས”ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་རོགས་པ་བྱེད་བཞིན་པ།

    ཉེ་ཆར་གསར་འགོད་པ་དར་དམར་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཡོང་སྐབས། དྲ་མིག་པ་བསྟན་འཛིན་གཡང་སྒྲོན་གྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་བཅར་འདྲི་བྱེད་བཞིན་འདུག གནས་ཚུལ་ཚང་མ་ཤེས་རྟོགས་བྱས་རྗེས། བསྟན་འཛིན་གཡང་སྒྲོན་གྱིས་ཟིན་བྲིས་དེབ་ཐོག་གྲོང་མིའི་ཚུར་ལན་དང་དགོས་མཁོ་ནན་ཏན་ངང་བཀོད་ལ། “དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་པ་ནི་ང་ཚོའི་ལས་ཀའི་ཆེས་རྨང་གཞི་ཡིན་ལ། ལས་དོན་གལ་ཆེ་ཤོས་ཤིག་ཀྱང་ཡིན། དུད་ཚང་དུ་སྐྱོད་སྐབས། ང་ཚོས་གྲོང་མིའི་ཆ་འཕྲིན་ལ་ཞིབ་དཔྱད་བྱས་ནས་གསར་བརྗེས་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱེད་པས་འབྲེལ་གཏུག་བྱེད་རིང་ཚང་མར་རྒྱུས་མངའ་ཟབ་ཏུ་ཕྱིན་ནས་འབྲེལ་བ་བཟང་པོ་འཛུགས་ཐུབ་ཡོད། སྡེ་ཁུལ་ནང་གི་རྒན་རྒོན་དང་ཕྲུ་གུ་ཚོ་ནི་ང་ཚོས་དོ་ཁུར་བྱེད་པའི་གཙོ་གནད་ཡིན་ལ། ང་ཚོའི་ཞབས་འདེགས་ཞུ་ཡུལ་གཙོ་བོའང་ཡིན”ཞེས་བསྟན་འཛིན་གཡང་སྒྲོན་གྱིས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། དེ་གོང་དར་དམར་སྡེ་ཁུལ་དུ་ལོ་78ལ་སླེབས་པའི་ཕྱི་ནས་ཡོང་བའི་ཁེར་སྡོད་རྒན་རྒོན་ཞིག་མཚན་དགུང་དུ་གྲོད་པ་ཡང་སེ་བཤལ་བ་དང་། ཕོ་བར་ཟུག་རྒྱག་པ། མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཐོན་པས། “དར་དམར་གྱི་དོ་དམ་པ་ཆུང་ངུས”འཕྲལ་དུ་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་ཅིང་། རྒན་རྒོན་ལ་རོགས་པ་བྱས་ནས་སྨན་ཁང་དུ་སྨན་བཅོས་དང་། བརྟག་དཔྱད། དུས་ཐོག་ཏུ་ཕན་ནུས་ལྡན་པའི་སྨན་བཅོས་བཅས་བྱེད་རོགས་བྱས་ཡོད། “ང་ཚོས་དེ་གོང་བཅར་འདྲི་བྱེད་རིང་། རྒན་རྒོན་གྱི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་བྱུང་བས‘དོ་དམ་པ་ཆུང་ངུར’དུས་བཀག་ལྟར་རྒན་རྒོན་གྱི་ཁྱིམ་དུ་ལྟ་རྟོག་བྱེད་དུ་བཅུག་ནས་ཕྱོགས་གཉིས་དབར་འབྲེལ་བ་ཡག་པོ་བཙུགས་ཡོད། ད་རེས་རྒན་རྒོན་ལ་གློ་བུར་དུ་ནད་གཞི་ཕོག་སྐབས་འཕྲལ་མར་ང་ཚོར་འབྲེལ་བ་བྱས་པར་བརྟེན། ང་ཚོས་ཁོང་ལ་དུས་ཐོག་ཏུ་རོགས་པ་བྱེད་ཐུབ་ནས་སྨན་བཅོས་ལ་ནར་འགྱངས་བྱུང་མེད”ཅེས་བསྟན་འཛིན་གཡང་སྒྲོན་གྱིས་བཤད།

    ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་ཞབས་ཞུ་ལེགས་པོ་བསྒྲུབས་པ་ཕུད། “དར་དམར་གྱི་དོ་དམ་པ་ཆུང་ངུས”ད་དུང་ཕྲུ་གུ་ཚོའི་འཚར་ལོངས་ལའང་དོ་ཁུར་ལྷག་པར་བྱེད་ཀྱི་ཡོད། བསྟན་འཛིན་གཡང་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་ཁ་ཤས་གོང་དར་དམར་གྱི་དུས་ཐེངས་གཉིས་པའི་ཁུལ་ཆུང་དུ་ཕྲུ་གུ་ཆུང་ཆུང་ཞིག་སློབ་གྲྭར་འགྲོ་འདོད་མེད་པ་དང་། ཁྱིམ་བདག་གིས་ཁ་ཏ་ཇི་ལྟར་བྱས་ཀྱང་ཕྲུ་གུས་མ་ཉན་སྟབས“དར་དམར་གྱི་དོ་དམ་པ་ཆུང་ངུར”རོགས་པ་བྱེད་རོགས་ཞུས། “གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། ང་ཚོས་ཁྱིམ་བདག་དང་མཉམ་དུ་ཕྲུ་གུ་དེ་སེམས་ཁམས་བརྟག་དཔྱད་བྱེད་པར་ཁྲིད་པ་ཡིན། གནད་དོན་གང་ཡང་མེད་པ་གཏན་འཁེལ་བྱུང་རྗེས་སླར་ཡང་ངང་རྒྱུད་རིང་པོས་ཕྲུ་གུར་སྙིང་གཏམ་བཤད་ནས་ཕྲུ་གུའི་བསམ་བློ་གཏོང་སྟངས་དང་སེམས་ནད་རྒྱུས་ལོན་བྱས་མཐར་ཕྲུ་གུ་དེ་སླར་ཡང་སློབ་གྲྭར་འགྲོ་ཐུབ་ཡོད”ཅེས་བསྟན་འཛིན་གཡང་སྒྲོན་གྱིས་བཤད།

    “སྔོན་ཆད་ཁུལ་ཆུང་དུ་དོན་དག་མང་པོ་ཞིག་ལ་དོ་དམ་བྱེད་མཁན་མེད། གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་ཀྱི་མེད་ལ་སྤྱི་པའི་སྒྲིག་བཀོད་ལ་སྐྱོན་ཤོར་ནའང་བཟོ་མཁན་མེད། ད་ཆ་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་བཙུགས་པས་གནད་དོན་དེ་དག་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། གནད་དོན་གཞན་དག་འཕྲད་ནའང་མྱུར་དུ་ཐག་གཅོད་བྱས་ནས་འཚོ་བ་ཧ་ཅང་བག་ཕེབས་པར་གྱུར་ཡོད”ཅེས་གཙང་གསུམ་ཁྱིམ་གཞིས་ཁུལ་ཆུང་གི་གྲོང་མི་བདེ་ལགས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། ད་ཆ་གཙང་གསུམ་ཁྱིམ་གཞིས་ཁུལ་ཆུང་དུ་སྐྱོད་སྐབས། འགྲོ་ལམ་གཙང་ཞིང་གྲལ་འགྲིག་པ་དང་སྤྱི་པའི་སྒྲིག་བཀོད་ལ་སྐྱོན་མེད་པས་ཁུལ་ཆུང་གི་གང་སར་འཆམ་མཐུན་དང་གནས་འཕྲོད་ཀྱི་རྣམ་པ་ཞིག་མངོན་འོང་། འགྱུར་ལྡོག་དེ་དག་ཚང་མ་ནི“དར་དམར་གྱི་དོ་དམ་པ་ཆུང་ངུས”ཁུལ་ཆུང་ལ་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་ཕན་སྐུལ་བྱས་ཤིང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་ནས། ཁུལ་ཆུང་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་ཁ་འབྲལ་ཐབས་མེད་པ་རེད།

    མིག་སྔའི་བར། “དར་དམར་གྱི་དོ་དམ་པ་ཆུང་ངུས”སྐུལ་འདེད་འོག ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་ཆུང་ངུ་གཉིས་ལ་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྗེས་སུ་མུ་མཐུད་འབད་བརྩོན་གྱིས་ཁོངས་གཏོགས་ཁུལ་དུ་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་ཕྱོགས་ཡོངས་ནས་ཁྱབ་པར་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་ཁུལ་ཆུང་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།