རང་ལྗོངས་ཀྱི་ས་གནས་ཁག་གིས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལས་དོན་པས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་བཅའ་ཁྲིམས་ཁྱབ་གདལ་ཁོངས་མིའི་ཚན་པ་ཁག་གི་ལས་དོན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་སྤྲོད་བཞིན་པ།
ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐེངས་གསུམ་པ་ཡིན་ལ། “རི་གཉིས”ཀྱི་འདུ་ཤེས་བཏོན་ནས་ལོ་ཉི་ཤུ་འཁོར་བའི་ཉིན་མོ་ཡང་རེད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡིན་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱ་ཆེད་རེད།
བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་མཉམ་དུ“སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་དང་སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་ཞིང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སོགས་ཚན་པ་10ལྷག་ཙམ་ཞུགས་ཡོད།
མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་གྱིས་ཚན་པ་མང་པོ་དང་མཉམ་དུ“བཅའ་ཁྲིམས་རྩ་བར་བཟུང་ནས་སྐྱེ་ཁམས་སྲུང་། ལྟ་སྐུལ་གནད་སྨིན་བྱས་ནས་སྲུང་བཅད་སྐྲུན། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བྱ་སྤྱོད་སྤེལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་གྱིས་བཅའ་ཁྲིམས་བློ་འདྲི་བ་གདན་དྲངས་ནས་ཆེད་དོན་ཁྲིམས་སྐྱོང་འཆད་ཁྲིད་སྤེལ་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབས་ལ་དམིགས་ནས་འགྲེལ་བཤད་བརྒྱབ་པ་རེད།
ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་གོ་སྐབས་སུ་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་སྡེ་ཁུལ་གྱི་གཙོ་གནད་ས་ཁོངས་སུ་མཁའ་རླུང་གི་སྤུས་ཚད་དང་འཐུང་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ནས་གད་སྙིགས་རིགས་དབྱེ་དང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་རེད། ནག་ཆུ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། ཞིང་ལས་དང་གྲོང་གསེབ་ཅུས་སོགས་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་8དང་མཉམ་དུ་གཅིག་སྡུད་དྲིལ་བསྒྲགས་བྱ་ཡུལ་བཙུགས་ཤིང་། ལས་དོན་མི་སྣ་དང་ཏང་ཡོན་ལས་བྱེད་པས་དྲིལ་བསྒྲགས་པའི་འགན་ཁུར་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་སྙིང་དོན་ལ་གསལ་འགྲེལ་གཏིང་ཟབ་བྱས་ནས་ས་གནས་ས་ཐོག་ཏུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་ལག་དེབ་320དང་། ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དངོས་རྫས་300ལྷག་ཙམ་སྤྲད་ཡོད།
ནག་ཆུ་གྲོང་ཁྱེར་སོག་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སོག་རྫོང་ཡན་ལག་ཅུས་དང་མཉམ་དུ་བཅའ་ཁྲིམས་ཁྱབ་གདལ་གྱི་ཁོངས་མིའི་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་500ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་600ལྷག་ཙམ་སྤྲད་པ་མ་ཟད། མང་ཚོགས་མི་ཐེངས་100ལྷག་ཙམ་གྱི་བློ་འདྲིར་ལན་བརྒྱབ་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་མི་སེམས་སུ་སྔར་བས་ཟུག་ཐུབ་པར་བྱས་ཏེ། སོག་རྫོང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྔར་བས་གཏིང་ཟབ་ཡོང་བ་དང་དམངས་ཡོངས་ཞུགས་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།