དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཁག་དང་པོར་སྤོ་བའི་མཛད་སྒོ་འཚོགས་པ།
ཡན་ཅིན་ཧའེ་ཚོགས་འདུར་ཕེབས་ནས་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
ཚེས་15ཉིན་གྱི་སྔ་དྲོར། དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཁག་དང་པོར་སྤོ་བའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་འཚོགས་པ་དང་ཁྱོན་བསྡོམས་དུད་ཚང་2578ཀྱི་མི་12139སྡོད་ཁང་གསར་པར་སྤོས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་སྡོད་ཁང་གསར་པ་ཁག་དང་པོར་སྤོ་བའི་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཟླ་བ་ཚེ་རིང་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།
ཆུ་ཚོད་12དང་སྐར་མ་20ཙམ་དུ། ཡན་ཅིན་ཧའེ་ཡིས། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཁག་དང་པོར་སྤོ་བའི་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་མ་ཐག་མཛད་སྒོ་འཚོག་ཡུལ་དུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་། དུས་ཆེན་གྱི་གཟབ་མཆོར་ལེཌ་པར་སྤྲས་པའི་མང་ཚོགས་ཀྱི་འཐུས་མིས་གོ་རིམ་ལྡན་པའི་སྒོ་ནས་སྡོད་ཁང་གསར་པའི་ལྡེ་མིག་བླངས་པ་དང་། གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད།
ལྷ་རྩེ་རྫོང་དང་། ས་སྐྱ་རྫོང་། ངམ་རིང་རྫོང་། གཏིང་སྐྱེས་རྫོང་། ས་དགའ་རྫོང་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།
ཡན་ཅིན་ཧའེ་ཟིང་དཀར་གྲོང་ཚོའི་ལོ་རྒྱུས་ཁང་དུ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་ཞིང་། ཁོང་གིས་བསྟན་དོན། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ད་ཐེངས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་སྐབས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་འཐབ་ས་མདུན་མར་བསྐྱོད་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་བ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་གང་ལེགས་མངོན་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྲོལ་རྒྱུན་བཟང་པོའང་གང་ལེགས་མངོན་ཡོད། དམངས་ཕན་སྲིད་ཇུས་ཁག་མང་ཚོགས་ཀྱི་སེམས་གཏིང་ལ་ཟུག་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།
“བཀྲ་ཤིས་བདེ་ལེགས། ཁང་པ་གསར་པ་བློ་ལ་འབབ་སོང་ངམ”ཞེས་ཡན་ཅིན་ཧའེ་ཁང་པ་གསར་པར་སྤོས་མ་ཐག་པའི་གྲོང་མི་སྒྲོལ་མ་དང་། སྒྲོལ་དཀར། ཆོས་འཕེལ་བཅས་ཀྱི་ཁྱིམ་ལ་སྔ་རྗེས་སུ་ཕེབས་ནས་སྨོན་འདུན་བཟང་པོ་ཞུས་པ་མ་ཟད། ཁོང་ཚོར་ཁང་པ་གསར་པར་སྤོ་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་བརྩོན་འགྲུས་དང་བློ་རིག་ལ་བརྟེན་ཏེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། བགྲེས་སོང་ཆོས་འཕེལ་གྱིས“ཁང་པ་ཡག་པོ་འདི་འདྲར་སྡོད་རྒྱུ་བྱུང་བ་ནི་བསོད་ནམས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཏང་ཀྲུང་དབྱང་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད། ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་སྡེ་ཚན་ལ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཚད་གཞི་སྔར་བས་མཐོ་བ་དང་བླང་བྱ་སྔར་བས་ནན་པའི་ཐོག་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ་ཐོན་ལས་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོའི་རྣམ་པ་ནུས་ཤུགས་ཡོད་རྒུས་ཡག་ཏུ་གཏོང་བ། ལས་ཞུགས་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལོ་རྒྱུས་རྒྱུན་འཛིན་དང་། དོན་དངོས་དང་མཐུན་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་བཀའ་མངགས་གནང་བ་རེད།
མཛད་སྒོ་ཚར་རྗེས་ཡན་ཅིན་ཧའེ་ཡིས་ད་དུང་ས་སྐྱ་རྫོང་བཀྲ་ཤིས་སྒང་ཤང་བྲག་དམར་གྲོང་ཚོར་ཕེབས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།