དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་སའི་ལྕགས་ལམ་ཉེན་རྟོག་པས་ཚུགས་སྟེགས་གསེབ་ཏུ་ལྷུངས་པའི་ཕྲུ་གུ་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    འདི་ནི་རྒྱུན་གཏན་གྱི་ལས་ཀ་བྱེད་རིང་ཧོ་ཧྲི་པའོ་ཡིས་འགྲུལ་པར་ཞབས་འདེགས་ཞུ་བའི་གནས་ཚུལ་ཡིན་པ།

    ཉེ་ཆར། མཚོ་སྔོན་གྱི་གོར་མོའི་མེ་འཁོར་འབབ་ཚུགས་སུ་ཁྲེང་ཏུའུ་ནས་ལྷ་སར་སྐྱོད་པའི་འགྲུལ་སྐྱེལ་མེ་འཁོར་Z323ཁ་འགོག་རིང་སྐྱི་གཡའ་བའི་གནས་ཚུལ་ཞིག་ཐོན་པ་སྟེ། ཕྲུ་གུ་ལོ་2ལ་སླེབས་པ་ཞིག་སྟབས་མི་ལེགས་པར་ཚུགས་སྟེགས་དང་མེ་འཁོར་དབར་གྱི་སྲུབས་སུ་ལྷུངས་པ་རེད། ཛ་དྲག་གི་དུས་སུ་ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་མི་དམངས་ཉེན་རྟོག་པ་ཧོ་ཧྲི་པའོ་ཡིས་འཕྲལ་མར་མཐོང་སྟེ་ཚུགས་སྟེགས་ནས་མཆོངས་ཏེ་གོག་བགྲོད་སྨི་10ལྷག་ཙམ་བརྒྱབ་ནས་ཕྲུ་གུ་དེ་བསྐྱབས་པ་རེད།

    གནས་ཚུལ་ཐོན་སྐབས་ཕྲུ་གུ་ཁྱིམ་བདག་དང་མཉམ་དུ་ཚུགས་སྟེགས་སུ་མེ་འཁོར་བསྒུགས་ནས་བསྡད་པ་དང་། གློ་བུར་དུ་ཕྲུ་གུ་དེ་གུ་དོག་པའི་ཚུགས་སྟེགས་ཀྱི་གསེབ་ཏུ་ལྷུངས་བས་གནས་ཚུལ་ཧ་ཅང་ཛ་དྲག་པོར་གྱུར་ཞིང་། སྐབས་དེར་ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་འཁོར་ཐོག་ཉེན་རྟོག་པ་ཧོ་ཧྲི་པའོ་ཡིས་གནས་ཚུལ་དེ་ཤེས་འཕྲལ་གནས་ཚུལ་ཐོན་སར་བསྐྱོད་དེ། ཚུགས་སྟེགས་འོག་ཐར་དཀའ་བ་དང་མེ་འཁོར་གཏོང་ཉེར་ཡོད་པར་མ་འཛེམས་པར་ཚུགས་སྟེགས་ནས་མཆོངས་པ་རེད།

    ཧོ་ཧྲི་པའོ་ཡིས་ནུས་ཤུགས་གང་ཡོད་ཀྱིས་གོག་བགྲོད་བྱས་མཐར་ཕྲུ་གུ་དེའི་འགྲམ་དུ་སླེབས། ཁོང་གིས་འཕྲལ་མར་ཕྲུ་གུ་དེར་རྨས་སྐྱོན་བྱུང་ཡོད་མེད་བལྟས་པ་མ་ཟད། གཟབ་གཟབ་ངང་ཕྲུ་གུ་པང་དུ་བླངས་པ་དང་། ཚུགས་སྟེགས་ཐོག་གི་ལས་རོགས་དང་སེམས་རྩ་འཁོལ་བའི་འགྲུལ་པའི་རོགས་རམ་ལ་བརྟེན་ནས་ཕྲུ་གུ་དེ་བདེ་འཇགས་ངང་ཚུགས་སྟེགས་ཐོག་འཐེན་ཐུབ་པ་རེད།

    བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། བསྐྱབས་པའི་ཕྲུ་གུ་དེའི་རིག་པ་གསལ་པོ་ཡོད་པ་དང་མགོ་བོར་རྨ་ཕྲན་བུ་ལས་བཟོས་མེད། མི་དམངས་ཉེན་རྟོག་པས་ཁ་པར་བཏང་ནས་འདྲི་རྟོག་བྱས་པ་བརྒྱུད་ཕྲུ་གུའི་གཟུགས་པོར་རྨས་སྐྱོན་ཆེ་བ་གང་ཡང་མེད་ཚུལ་གཏན་འཁེལ་བྱུང་ཡོད། ཁྱིམ་བདག་དེས་སྒེར་གྱི་ཉེན་ཁར་མ་འཛེམས་པར་བློ་ཁོག་ཆེན་པོས་སྲོག་སྐྱོབ་བྱེད་མཁན་ལྕགས་ལམ་ཉེན་རྟོག་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།