ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས།
འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ལྷ་ས་གྲོང་ཁྱེར་གྱི“ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་སྲོལ་བཅོས་སྒྲིག་བྱ་སྤྱོད”སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“མཛེས་པའི་གྲོང་གསེབ་བྱ་སྤྱོད”ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རྒྱུན་མཐུད་དང་གཏིང་ཟབ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་བདེ་འཇགས་རྨོག་ཞྭ་ལག་ཏུ་ཁྱེར་ནས་ཞིང་འབྲོག་མང་ཚོགས་ལ་ས་ཡུལ་དངོས་སུ་བདེ་འཇགས་རྨོག་ཞྭ་ཡང་དག་པར་གྱོན་སྟངས་བསླབ་པ་མ་ཟད། བོད་རྒྱ་སྐད་གཉིས་ཀྱིས་ཁ་དོག་སྣ་ཚོགས་ཀྱི་སྦག་སྦག་འཁོར་བྱང་གི་ཁ་ལོ་བའི་ལག་ཁྱེར་གྱི་རིགས་ལ་འགྲེལ་བཤད་ཀྱང་བརྒྱབ་ཅིང་། ལྡོག་སྐྱོད་འཁོར་གཏོང་དང་གཏན་འབེབས་ལྟར་འཁོར་ལམ་དུ་མི་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྐོར་ནན་བཤད་བྱས་པ་རེད།
ལྕང་ར་ཤར་ཤང་མཁར་རིལ་གྲོང་ཚོ་དང་བྱང་ཁ་གྲོང་རྡལ་ལན་པོ་གྲོང་ཚོར་ལྷུན་གྲུབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཞིང་འབྲོག་མང་ཚོགས་ལ་རང་སའི་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་གྱི་གྱོད་དཔེ་དྲངས་ཏེ་འབྲེལ་ཡོད་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ཚང་མའི་དྲི་བར་རེ་རེ་བཞིན་ལན་བཏབ་ནས་ཚང་མར་རང་རྟོགས་ངང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ། ཡ་རབས་ངང་བདེ་འཇགས་འགྲུལ་བཞུད་ཀྱིས་ཞིང་འབྲོག་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་བསྐྲུན་རྒྱུར་ཁྲིད་སྟོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།