དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མཚོ་སྨད་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ།

    རྩྭ་ཐང་བརྟན་སྲུང་ལས་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-05

    འདི་ནི་མཚོ་སྨད་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཕྱུགས་འཚོ་སར་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འབྲོག་པའི་སྦྲ་གུར་དང་ནོར་ལུག་ཁྱུ་ཚོགས་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངོན། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཕྱུགས་འཚོ་སར་བསྐྱོད་ནས་འབྲོག་པ་མང་ཚོགས་ཚོར་གོ་བདེ་ལ་ཤེས་སླ་བའི་སྐད་ཆ་ནས་རྩྭ་ཐང་གི་ཐེག་ནུས་དང་ཕྱུགས་བཀག་རྩྭ་གསོའི་ལམ་ལུགས་ཀྱི་གལ་ཆེའི་རང་བཞིན་དང་། ཁྲིམས་འགལ་ངང་ཕྱུགས་འཚོས་ཚེ་་འགན་འཁྲི་འཁུར་དགོས་པའི་དམངས་དོན་སྐྱིན་གསབ་དང་། སྲིད་འཛིན་ཆད་གཅོད། ཐ་ན་ཉེས་དོན་འགན་འཁྲི་བཅས་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད།

    དྲིལ་བསྒྲགས་མཇུག་འགྲིལ་རྗེས། ལས་བྱེད་ཉེན་རྟོག་པ་ཚོས་ད་དུང་འབྲོག་པར་རྒྱ་བོད་ཤན་སྦྱར་གྱི་འབྲེལ་ཡོད་དྲིལ་བསྒྲགས་ལག་དེབ་སྤྲད་པ་མ་ཟད། ཁ་པར་ཨང་གྲངས་བཞག་ནས་འབྲོག་པར་བཅའ་ཁྲིམས་ཀྱི་བློ་འདྲིའི་ཞབས་འདེགས་ག་དུས་ཡིན་ཡང་ཞུ་ཆོག་པའི་ཁས་ལེན་བྱས་ཏེ་ཚང་མར་རྩྭ་ཐང་གི་སྐྱེ་ཁམས་སྲུང་མཁན་ཞིག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།

    མིག་སྔ་ནི་རྩྭ་ཐང་དུ་ཡུལ་སྐོར་བྱེད་མཁན་མང་བའི་ནམ་དུས་ཡིན་པས། ཨ་སྔོན་སྤྲིན་དཀར་འོག་གི་འབྲོག་ཁུལ་དུ་ཡུལ་སྐོར་བ་རྒྱུན་ཆད་ཀྱི་མེད། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་དྲིལ་བསྒྲགས་དཔྱད་ཡིག་ཁྱེར་ནས་ཡུལ་སྐོར་བ་གཅིག་སྡུད་ཁུལ་གྱི་ལྗོངས་གཟིགས་སྒང་དང་ངལ་གསོ་ཁུལ་དུ་བསྐྱོད་ནས་རང་འགུལ་ངང་ཚང་མར“རྗེས་ཤུལ་མེད་པའི་ཡུལ་སྐོར”གྱི་བཅའ་ཁྲིམས་ཁྱབ་གདལ་བཏང་བ་རེད།

    ལས་བྱེད་ཉེན་རྟོག་པ་ཚོས་ངང་རྒྱུད་རིང་པོས་ཡུལ་སྐོར་བར“རི་སྐྱེས་སྲོག་ཆགས་ལ་ལྟོ་གང་བྱུང་མི་སྟེར་བ”དང“རྩ་ཐང་ཐོག་འཁོར་རིགས་མི་གཏོང་བ”ནས“འཚོ་བའི་གད་སྙིགས་གང་བྱུང་དུ་གཡུག་རྒྱུ་མེད་པའི”སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་དག་གོ་བདེ་ལ་ལག་ལེན་བསྟར་བདེ་བའི་བྱ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་བྱས་པ་རེད།

    དེ་དང་དུས་མཚུངས། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་གཞུང་ལམ་རྒྱུད་དུ་གནས་སྐབས་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་འགྲོ་འོང་བྱེད་མཁན་འཁོར་རིགས་དང་ལྷག་དོན་དུ་ཟོག་འདྲེན་རླངས་འཁོར་དང་བྱེས་བགྲོད་རླངས་འཁོར་གྱི་ཁ་ལོ་བར་དྲིལ་བསྒྲགས་བྱས་པ་རེད།

    རྩྭ་ཐང་གི་གང་སར་དྲིལ་བསྒྲགས་གཏིང་ཟབ་བྱེད་པའི་བྱེད་སྒོ་འདི་ནི་མཚོ་སྨད་རྫོང་མི་དམངས་ཁྲིམས་ཁང་གིས་གཞི་རིམ་གྱི་མང་ཚོགས་ལ་ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་དྲིལ་བསྒྲགས་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། བཅའ་ཁྲིམས་དེ“དོན་ཚན”ནས“བྱ་སྤྱོད་ཀྱི་ཕྱོགས་སྟོན”ལ་འགྱུར་བར་བྱས་པས། འབྲོག་པ་ཚོའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ལ། ཡུལ་སྐོར་བ་དང་ཁ་ལོ་བ་ཡང་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་མཁན་དང་ལྟ་སྐུལ་བར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།