ལྷུན་གྲུབ་ཁྲིམས་ཁང་གིས།
དབྱར་གསེང་རིང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”པའི་ལག་ལེན་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་ཁྲིམས་ཁང་གི་ཤང་འགན་གཙང་ལེན་པའི་ཁྲིམས་དཔོན་གྱིས་ལྷུན་གྲུབ་རྫོང་གླང་སྨད་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུ་མཐུན་ཚོགས་དང་མཉམ་དུ་མཁར་རྩེ་ཤང་གི་འགན་གཙང་ལེན་ཡུལ་སློབ་ཆུང་དུ“དབྱར་གསེང་ལ་ཁྲིམས་སྐྱོང་སློབ་གསོ་ཤེས་པར་སྦྱོང་། བདེ་འཇགས་ངང་འཚར་ལོངས་ཡོང་བར་བརྩོན”ཞེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དགེ་སློབ་རྣམས་ལ་དབྱར་གསེང་རིང་བདེ་འཇགས་ཀྱི“ཁྲིམས་སྐྱོང་གསོལ་སྟོན”ཞིག་བཤམས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་དཔོན་གྱིས་སློབ་རའི་བརྙས་བཅོས་འགོག་བཅོས་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབ་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》གསལ་འགྲེལ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་བཅས་བརྗོད་དོན་ཆེན་པོ་གསུམ་ལ་དམིགས་ཏེ། སློབ་མའི་འཚོ་བ་དང་གྱོད་དཔེ་དངོས་ཟུང་དུ་འབྲེལ་ནས་གོ་བདེ་རྟོགས་སླའི་སྐད་ཆ་ནས་འགྲེལ་བཤད་བརྒྱབ་པ་མ་ཟད། དངོས་ལྗོངས་དང་མཉམ་འགུལ་ལན་འདེབས་སོགས་ལ་བརྟེན་ནས་བརྙས་བཅོས་ཀྱི་བྱེད་སྤྱོད་ངོས་འཛིན་དང་། དེར་ཁ་གཏད་གཅོག་ཐབས་ཤེས་པར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་ཁྲིམས་དཔོན་གྱིས་ད་དུང་དབྱར་གསེང་རིང་ཐོན་མང་བའི་དྲ་རྒྱའི་ཁ་བསླུས་ལ་དམིགས་ནས“རྒྱུས་མེད་ཀྱི་ཆ་འཕྲིན་ལ་ཡིད་མི་ཆེས་པ་དང་གང་འདོད་དུ་དངུལ་སྒྱུར་བ་དང་མི་སྐུར་བ”སོགས་ཀྱི་བསླུ་འགོག་ཤེས་བྱ་བསླབས་པ་རེད།
འབྲེལ་ཡོད་གསར་འགྱུར།