དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བདེ་འཇགས་རྩ་བ་དམ་པོར་འཛིན། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་།

    རང་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-05

    ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྒྱུར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ད་ལོའི་ཟླ་6པའི་ཟླ་དཀྱིལ་དུ་ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་སྤྱི་ཚོགས་ལ་2025ལོའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་གནད་སྨིན་ཁྲིམས་སྒྱུར་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཕྲལ་སྡོམ་དོ་དམ་ཅུས་དང་དཔའ་ཤོད་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སྤྲིན་ཆོས་གཞིས་ཀ་གསོལ་མགྲོན་ཁང་གིས་བླང་བྱ་ལྟར་འཕྲལ་སྡོམ་ནང་སྦྱོང་འཆར་གཞི་དང་སྒྲིག་འཛུགས་ལག་བསྟར་གྱི་བྱེད་ཐབས་བཟོས་མེད་པ་དང་། སི་ཁྲོན་ཤིང་དབྱི་ཨར་སྐྲུན་ངལ་ནུས་ཚད་ཡོད་ཀུང་སིའི་ཉེན་ཁའི་རྫས་འགྱུར་དངོས་རྫས་འཇོག་སར་ཆེད་དོན་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལམ་ལུགས་བཟོས་མེད་པ། དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་དར་རི་ཚང་སྣུམ་སྣོན་ས་ཚིགས་ཀྱིས་ཆོག་མཆན་མི་ཐོབ་པར་སྣུམ་མདོང་ཁུལ་དུ་མེ་གསོད་ནང་སྦྱོང་བྱས་པ་སོགས་ཀྱི་བྱེད་སྤྱོད་ལ་སྲིད་འཛིན་གྱི་ཆད་པ་བཅད་ཡོད། ད་ཐེངས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྒྱུར་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་པས་དཔེ་མཚོན་གྱོད་དཔེར་བརྟེན་ནས་ཉེན་བརྡ་གཏོང་བའི་སློབ་གསོའི་ནུས་པ་འདོན་པ་དང་ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་མ་ཐེབས་པ་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས“ས་ཆ་གཅིག་ལ་ཞིབ་བཤེར་དང་། ས་ཆ་ཁག་གཅིག་གི་གཉའ་གཅོག་པ། ཡུག་གཅིག་ལ་སློབ་གསོ་ཐེབས་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། དེ་དག་ནི་རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་གྱི་ཕན་འབྲས་དངོས་ཆེ་རུ་བཏང་བའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཡིན་ཞིང་། 2025ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཁྲིམས་སྒྱུར་ནན་དུ་བཏང་ནས་སྲིད་འཛིན་ཆད་གཅོད་ཐེངས་905ལག་བསྟར་བྱས་པ་མ་ཟད། “ཁོངས་མི་གཉིས”ཀྱི་ནུས་པ་བཏོན་ནས་ཁེ་ལས་87ལ་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་སྤེལ་བར་མཛུབ་ཁྲིད་དང་རོགས་སྐྱོར་བྱས་པ་རེད། དེ་དང་ཆབས་ཅིག་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཐག་གཅོད་བྱེད་པའི་ཚད་གཞི་དྲིལ་བསྒྲགས་ལག་བསྟར་དང་ཁྲིམས་སྒྱུར་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ་སོགས་ལ་དམིགས་ཏེ། གཞི་རིམ་གྱི་ཁྲིམས་སྒྱུར་པ་གསོ་སྦྱོང་ཐེངས་59སྒྲིག་འཛུགས་བྱས་ནས་མི་ཁྲི་1.46ལྷག་ཙམ་གསོ་སྦྱོང་བྱས་ཡོད།

    བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་གྱི་ཕན་འབྲས་ཐོན་པར་ཤུགས་སྣོན་བརྒྱབ་པ།

    བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་རྩ་བར་འཛིན་པ་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། བདེ་འཇགས་ཀྱི་འགན་འཁྲི་དང་གཙོ་གནད་ལས་དོན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་འདུ་ཤེས་མི་སེམས་སུ་འཇགས་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་བཏང་སྟེ་བདེ་འཇགས་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

    གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་པ།

    གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྐྱོང་བྱ་སྤྱོད་སྤེལ་བར་མུ་མཐུད་སྐུལ་འདེད་གཏོང་ཆེད། ད་ལོའི་ཟླ་3པར་ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་དང་རིམ་ཁག་སྒྲོག་འགྲེལ་ཚོགས་པའི་ཡན་ལག་རུ་ཁག་ཁོངས་གཏོགས་ཁུལ་གྱི་ཐོག་བརྩེགས་ཅན་གྱི་སྡོད་ཁང་དང་། གྲོང་མིའི་ཁུལ་ཆུང་། རང་བདག་ཁང་པ། ལས་རིགས་མང་པོ་མཉམ་དུ་གཉེར་སྐྱོང་། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་སོགས་སུ་བསྐྱོད་དེ་གློག་སྒུལ་རྐང་འཁོར་སྒྲིག་འགལ་ངང་འཇོག་པ་དང་གློག་གསོག་པ་སོགས་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་དམིགས་ནས་ཉེན་ཟོན་སློབ་གསོ་དང་དྲིལ་བསྒྲགས་གསོ་སྦྱོང་གི་བྱེད་སྒོ་སྤེལ་ཡོད། དེ་དང་ཆབས་ཅིག་མེ་ཟོན་དྲིལ་བསྒྲགས་དངོས་རྫས་སྤྲད་པ་དང་། གློག་སྒུལ་རྐང་འཁོར་ལ་མེ་ཟོན་དྲིལ་བསྒྲགས་ཀྱི་བརྡ་ཁྱབ་སྦྱར་བ། དཔྱད་གཞིའི་ལག་དེབ་སྤྲོད་པ་སོགས་བྱས་ནས་མང་ཚོགས་ལ་མེ་གསོད་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

    ཉེན་ཡོད་རྫས་འགྱུར་དངོས་རྫས་ལས་རིགས་ལ་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

    ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ད་ལོའི་ཟླ་3པར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉེན་ཁ་ཆེ་བའི་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་གྱི་ཁེ་ལས་སུ་བསྐྱོད་དེ་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་བ་མ་ཟད། ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ལ་དམ་འཛིན་ནན་པོ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་ཁེ་ལས་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། བརྟག་དཔྱད་བྱེད་རིང་། མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ཅིན་ཉིའུ་གློག་ཀླད་སྣུམ་སྣོན་གྲོང་དང་། ཀྲུང་གོ་རྡོ་སྣུམ་ཀྲུང་ཧོ་སྣུམ་སྣོན་ས་ཚིགས། ཆིང་ཧྭ་སྣུམ་སྣོན་ས་ཚིགས། ཧྲེང་ཀྲོའུ་རླངས་སྣོན་ས་ཚིགས་བཅས་སུ་བསྐྱོད་དེ་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་ལ་གཅིག་སྡུད་ཞིབ་བཤེར་བྱས་པ་དང་། འགྲུལ་པ་ཚད་ལས་བརྒལ་ནས་བླུགས་པ་དང་། ངལ་དུབ་ངང་རླངས་འཁོར་གཏོང་བ། འཁོར་རྟགས་དང་ལག་ཁྱེར་མེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ནན་པོ་བྱས་ཏེ་འབྱུང་རྩ་ནས་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་བཀག་འགོག་བྱས་ཡོད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་མངོན་མེད་རྐྱེན་ངན་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ནི་རང་ལྗོངས་ཀྱིས་ཉེན་ཡོད་རྫས་འགྱུར་དངོས་རྫས་བཅོས་སྒྲིག་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་དངོས་ལ་གཞིགས་ཚུགས་ནས་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། གཙོ་གནད་གནད་དོན་ལ་དམ་པོར་དམིགས་པ། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། བྱ་ཐབས་སྣ་མང་སྤྱོད་པ་བཅས་ཀྱི་ཐོག་ནས་ཉེན་ཡོད་རྫས་འགྱུར་དངོས་རྫས་ལས་རིགས་ཀྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ལྗོངས་ཡོངས་ཀྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་ཁྱབ་ཁོངས་བདེ་འཇགས་ཡོང་བར་འགན་ལེན་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་དང་། བརྟན་པོ། འཕེལ་རྒྱས་བཅས་འགན་ལེན་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད།

    བདེ་འཇགས་ཀྱི་གནད་དོན་དེ་ཕྱོགས་གཅིག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། ཕྱོགས་གཞན་ཞིག་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བས་ལྗོངས་ཡོངས་ཀྱི་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་པ་མ་ཟད། ཆབ་སྲིད་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཁྲིད་སྟོན་བྱེད་པ་མངོན་འགྱུར་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།