བོད་ལྗོངས་ནགས་ཚལ་མེ་གསོད་འཚོལ་སྐྱོབ་དམག་ཁྱིར་དཔའ་རྩལ་སྣ་ཁ་བཅོ་བརྒྱད་བསླབས་པ།
རྒྱལ་ཡོངས་དམག་ཁྱིའི་རྩལ་ནུས་འགྲན་བསྡུར་ལ་ཞུགས་པའི་གྲ་སྒྲིག་བྱེད་པ།
འདི་ནི་ཞིག་རོའི་ཁྲོད་འཚོལ་སྐྱོབ་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་སྦྱོང་བརྡར་པ་དང་དམག་ཁྱི“ཤིན་པ”ཡི་མཉམ་པར་ཡིན་པ།
ཉིན་ཤས་གོང་གསར་འགོད་པས་སྦྱོང་བརྡར་བྱ་ཡུལ་དུ་འཚོལ་སྐྱོབ་དམག་ཁྱིའི་འགྲན་བསྡུར་གྲ་སྒྲིག་གི་གནས་ཚུལ་ལ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན། སྦྱོང་བརྡར་བྱ་ཡུལ་དུ་སྦྱོང་བརྡར་པས་འཚོལ་སྐྱོབ་དམག་ཁྱིར་གོས་ལྷམ་སོགས་ཀྱི་གོ་ཆས་གཡོགས་ཏེ་ཞིག་རོའི་ཁྲོད་འཚོལ་བཤེར་སྦྱོང་བརྡར་གྱི་གྲ་སྒྲིག་བྱེད་བཞིན་འདུག
“ཤིན་པ། རྒྱུག་ཅིག”ཅེས་སྦྱོང་བརྡར་པ་འཇམ་དབྱངས་ཀྱིས་བཀའ་བཏང་བ་དང་བསྟུན་ནས། འཚོལ་སྐྱོབ་དམག་ཁྱི“ཤིན་པ”ཡིས་མདའ་མོ་གཞུ་ལས་བྲལ་བ་ལྟར་དམིགས་འབེན་ཁུལ་དུ་རྒྱུག་སྟེ་རྫི་གསང་པོར་བརྟེན་ནས་ཞིག་རོའི་ཁྲོད་ལུས་པའི་མི་སྣ་འཚོལ་སྐྱོབ་བྱེད་འགོ་ཚུགས།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཞིག་རོའི་ཁྲོད་འཚོལ་བཤེར་བྱེད་པ་ནི་རྒྱལ་ཡོངས་ཀྱི་མེ་གསོད་འཚོལ་སྐྱོབ་དམག་ཁྱིའི་རྩལ་འགྲན་སློབ་ཚན་གྲས་ཤིག་ཡིན་པས་འཚོལ་སྐྱོབ་དམག་ཁྱིའི་བླང་བྱ་ཧ་ཅང་ནན་པོ་ཡོད། འཇམ་དབྱངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིག་རོ་ལྟ་བུའི་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག འཚོལ་སྐྱོབ་དམག་ཁྱི་དང་སྦྱོང་བརྡར་པའི་དབར་ཕན་ཚུན་གཞོགས་འདེགས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དེ་དང་ཆབས་ཅིག་སྦྱོང་བརྡར་པས་འཚོལ་སྐྱོབ་དམག་ཁྱིའི་གོམས་གཤིས་ཤེས་རྟོགས་བྱེད་དགོས་པ་དང་སྦྱོང་བརྡར་པ་དང་འཚོལ་སྐྱོབ་དམག་ཁྱི་ཕན་ཚུན་གཞོགས་འདེགས་ཡག་པོ་ཐུབ་ཚེ་གཞི་ནས་ཉེན་གྱར་མི་སྣ་མྱུར་དུ་རྙེད་ཐུབ་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་མེ་གསོད་འཚོལ་སྐྱོབ་དམག་ཁྱིའི་རྩལ་ནུས་འགྲན་བསྡུར་ནི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་འཚོལ་སྐྱོབ་དམག་ཁྱིའི་རྩལ་ནུས་འགྲན་བསྡུར་ཞིག་ཡིན་ཞིང་། འགྲན་བསྡུར་གྱི་སློབ་ཚན་ལ་སྒམ་གཟུགས་འཚོལ་སྐྱོབ་དང་། ཕྱི་རོལ་འཚོལ་སྐྱོབ། ཞིག་རོའི་ཁྲོད་འཚོལ་སྐྱོབ། རྨང་གཞིའི་བཀའ་རྒྱ་དང་ལེན་བཅས་སློབ་ཚན་ཁག་བཞི་བཀོད་སྒྲིག་བྱས་པར་ཐུན་མོང་གི་སློབ་ཚན་དང་། དམག་ཁྱི་རྐྱང་པའི་སློབ་ཚན། དམག་ཁྱི་མང་པོའི་སློབ་ཚན་བཅས་རིགས་གསུམ་ཚུད་ཡོད། ཕྱི་རོལ་དང་ཞིག་རོ་སོགས་དངོས་འཐབ་ཆ་རྐྱེན་འོག་གི་འཚོལ་སྐྱོབ་དམག་ཁྱིའི་བཀའ་དང་ལེན་རང་བཞིན་དང་འཚོལ་བཤེར་གནད་འཁེལ་ཡིན་ཚད་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ནས་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པ་སྦྱོང་བརྡར་བྱེད་ཀྱི་ཡོད་པ་རེད།
བྱམས་པ་བློ་གྲོས་ཀྱིས་ངོ་སྤྲོད་བྱས་དོན། བོད་ཀྱི་ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། གསོ་རླུང་འདུས་ཚད་ཉུང་བ་བཅས་ཀྱི་དབང་གིས་འགྲན་བསྡུར་ལ་གྲ་སྒྲིག་ལེགས་པར་བྱ་ཆེད། འཚོལ་སྐྱོབ་དམག་ཁྱི་རུ་འབྲིང་གིས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་སྦྱོང་བརྡར་བྱེད་སྟངས་གསར་གཏོད་བྱས་ཏེ“དུས་ཡུན་ཐུང་བ་དང་ཐེངས་གྲངས་མང་བ་ཟུང་འབྲེལ”བྱ་ཐབས་བརྒྱུད་གནམ་གཤིས་དང་། ས་ཆ། ཉམས་མྱོང་མི་འདང་བ་སོགས་ཀྱི་གནད་དོན་ཁྱད་བསད་བྱས་ནས་འགྲན་བསྡུར་གྲ་སྒྲིག་ལ་ཕན་འབྲས་ཡག་ཤོས་ཐོན་པའི་བརྩོན་ལེན་བྱེད་ཀྱི་ཡོད། “ཐེངས་འདིའི་འགྲན་བསྡུར་ནང་ང་ཚོས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཚོལ་སྐྱོབ་དམག་ཁྱིའི་རུ་ཁག་རྩེ་གྲ་དང་འགྲན་བསྡུར་བྱ་རྒྱུ་རེད། འགྲན་བསྡུར་ཚན་པས་འཚོལ་སྐྱོབ་དམག་ཁྱིའི་ལུས་ཤུགས་དང་འཚོལ་སྐྱོབ་རྩལ་ནུས་ལ་ཡང་བླང་བྱ་ཧ་ཅང་ནན་པོ་ཡོད། དེར་བརྟེན་གྲ་སྒྲིག་སྦྱོང་བརྡར་བྱེད་རིང་ང་ཚོས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་འཚོལ་སྐྱོབ་དམག་ཁྱི་རེ་རེའི་ཁྱད་ཆོས་ལ་དམིགས་ནས་རང་གཤིས་ཅན་གྱི་སྦྱོང་བརྡར་ཇུས་གཞི་བཟོས་ཡོད”
མེ་ཟོན་རོགས་སྐྱོབ་དཔུང་ཁག་ཁྲོད། འཚོལ་སྐྱོབ་དམག་ཁྱི་ནི་དམིགས་བསལ་དང་གལ་འགངས་ཆེ་བའི་སྟོབས་ཤུགས་ཤིག་ཡིན་པས། འཚོལ་སྐྱོབ་དམག་ཁྱིའི་རྫི་གསང་པོ་སོགས་ཀྱི་ནུས་པར་བརྟེན་ནས་ས་ཡོམ་དང་རྡིབ་ཉིལ་སོགས་གནོད་འཚེ་ཐོན་ཡུལ་དུ་རྐྱེན་ལམ་དུ་ཤོར་བའི་མི་འཚོལ་བཤེར་བྱས་ནས་རོགས་སྐྱོབ་ལས་དོན་ལ་འགག་རྩའི་རྒྱབ་སྐྱོར་བྱེད་ཐུབ་ཀྱི་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་འཚོལ་སྐྱོབ་དམག་ཁྱི་རུ་ཁག་བཙུགས་རྗེས། ཐོག་མཐའ་བར་གསུམ་དུ་འཚོལ་སྐྱོབ་དམག་ཁྱིའི་ཆེད་ལས་རྩལ་ནུས་དང་དངོས་འཐབ་ནུས་པ་ཆེ་རུ་བཏང་ཞིང་རོགས་སྐྱོབ་ལས་འགན་སྣ་ཚོགས་ནང་ཧུར་ཐག་ཞུགས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རོགས་སྐྱོབ་བྱ་སྤྱོད་ཐེངས་མང་པའི་ཁྲོད་དམག་ཁྱི“ཐེན་ལང”དང་།“ཤིན་པ”“ཞའོ་ལུང”“རུའུ་ཧྥུང”སོགས་འཚོལ་སྐྱོབ་དམག་ཁྱི་མང་པོ་ཞིག་གིས་འཚོལ་སྐྱོབ་ནུས་པ་དང་ཆེད་ལས་བྱང་ཚད་མཐོ་པོ་མངོན་པ་དང་། རྫི་གསང་པོ་དང་ལུས་ཤུགས་ཡག་པོར་བརྟེན་ནས་རོགས་སྐྱོབ་དཔུང་ཁག་ལ་རྩ་ཆེའི་རོགས་སྐྱོབ་ཁུངས་སྣེ་མཁོ་འདོན་བྱས་པས་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།
མུན་རུབ་ནའང་སྦྱོང་བརྡར་པ་དང་འཚོལ་སྐྱོབ་དམག་ཁྱིས་སྔར་བཞིན་སྦྱོང་བརྡར་ཐང་དུ་སྦྱོང་བརྡར་བྱེད་བཞིན་ཡོད། ཁོང་ཚོས་ཡང་ན་འདྲ་བཟོས་ཞིག་རོའི་ཁྲོད་དུའམ་ཡང་ན་གེགས་ཆའི་ཁྲོད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་། གྲུབ་འབྲས་རེ་རེ་ཚང་མར་སྦྱོང་བརྡར་པའི་དཀའ་སྤྱད་འབད་བརྩོན་འདུས་ཡོད། ཁོང་ཚོར་རྒྱལ་ཡོངས་མེ་གསོད་འཚོལ་སྐྱོབ་དམག་ཁྱིའི་རྩལ་ནུས་འགྲན་བསྡུར་ཁྲོད་བཀྲག་མདངས་འཚེར་བའི་རྒྱལ་ཁ་དང་གཟི་བརྗིད་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།