གངས་རླུང་འཚུབ་ནས་བགྲོད་པར་དཀའ་ན་ཡང་། མཐའ་མཚམས་སྲུང་བའི་ལྷག་བསམ་དོར་མི་གྱུར།
ཧི་མ་ལ་ཡའི་བྱང་འདབས་ཀྱི་གངས་ལྗོངས་མཐའ་མཚམས་སུ་ཇོ་མོ་ལྷ་རིའི་རྩེ་མོ་ནས་ཞོགས་པའི་ཉི་འོད་དེ་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་སྲུང་བཞིན་པའི་སྤྱི་ལེ་65ཡི་མཐའ་མཚམས་ལམ་ཐིག་ཏུ་འཕྲོ་བཞིན་མཆིས། ས་བབ་སྨི་4500ཡོད་པའི་ལས་སྒྲུབ་ཁང་པའི་སྒེའུ་ཁུང་ཐོག་བད་བབས་པ་དང་ཁང་པའི་ཕྱིར་སོ་ལྟ་བྱེད་མཁན་ཉེན་རྟོག་པའི་ངོ་གདོང་ལ་གྲང་རླུང་ལྡང་། གཞི་རིམ་གྱི་འཐབ་ས་དང་པོའི་གནས་སྤོས་དོ་དམ་ཉེན་རྟོག་པས་ལོ་ལྟར་འདིར་མཐའ་མཚམས་བརྟན་སྲུང་བྱེད་པ་མ་ཟད། ཁོང་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་སྲུང་གི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས་ཁ་བའི་བུ་ཡུག་ཁྲོད་ལྷག་བསམ་དང་གཅེས་སེམས་ཀྱིས་ཕྱུག་པའི་ལེའུ་རྩོམ་བཞིན་ཡོད།
ལུང་ཤིས་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་མཐའ་མཚམས་དོ་དམ་ལས་སྒྲུབ་ས་ཚིགས་སུ་ལས་འགན་སྒྲུབ་མཁན་ལས་རོགས་ཉེན་རྟོག་པ་བཀྲ་ཤིས་ཚེ་རིང་ནི་ཡུལ་དེ་ནས་ཡིན་ཞིང་། ཁོང་གི་ཁྱིམ་དང་མངགས་གཏོང་ཁང་དབར་བར་ཐག་སྤྱི་ལེ་གཅིག་ཙམ་ལས་མེད། མངགས་གཏོང་ཁང་ལ་སྲུང་བྱའི་འཐབ་ས་དང་པོ་མང་བར་བརྟེན། བུ་དོན་གྲུབ་ལ་རྒྱུན་དུ་ནས་ཨ་ཕ་ཟླ་གཅིག་གཉིས་ཙམ་ཐུགས་ཀྱི་མེད། སློབ་གྲྭའི་དགེ་རྒན་གྱིས་སློབ་ཕྲུག་ཚོར་རང་ཉིད་ཀྱི་ཨ་ཕའི་སྐོར་བཤད་དུ་བཅུག་སྐབས། དོན་གྲུབ་ཀྱིས་སྤོབས་པ་ཆེན་པོས“ངའི་ཨ་ཕ་ནི་མཐའ་མཚམས་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་ཞིག་རེད། ཁོང་རྟག་ཏུ་ཨ་ཁུ་ཉེན་རྟོག་པ་ཚོ་དང་མཉམ་དུ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ང་ཚོའི་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་ཡོད། ངའི་ཨ་ཕ་ནི་མཐའ་སྲུང་དཔའ་བོ་ཡིན་པ་དང་ང་ནི་མཐའ་སྲུང་བ་ཆུང་ཆུང་ཞིག་ཡིན། ཆེན་པོ་ཆགས་རྗེས་ང་མི་དམངས་ཉེན་རྟོག་པ་ཞིག་བྱས་ནས་ཕ་མ་གཉིས་ལ་གཅེས་སྐྱོང་བྱེད་ཀྱི་ཡིན་ལ། རྒྱལ་ཁབ་ཀྱི་མཐའ་མཚམས་ཀྱང་སྲུང་སྐྱོབ་བྱེད་ཀྱི་ཡིན”ཞེས་བཤད།
སློབ་སྟོན་པ་ཧུའུ་ཧའོ་ནི་ཕྲུ་གུའི་ཨ་ཕ་ཆགས་པ་ནས་བཟུང་། དུས་རྒྱུན་ལག་ཐོགས་ཁ་པར་ནས་སྤྱི་ལེ་2600སར་ཡོད་པའི་བུ་མོའི་གནས་ཚུལ་བརྙན་ཐུང་བརྒྱུད་ནས་བལྟ་དགོས་ཀྱི་ཡོད། ལས་གནས་ཐོག་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཕག་རི་གྲོང་རྡལ་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་ནས་ནང་མིར་བཅངས་པའི་བརྩེ་སེམས་ལས་ཀའི་སྒུལ་ཤུགས་སུ་གྱུར་བ་བྱེད་ཀྱི་ཡོད།
སྐྱ་རིམ་གྱིས་དྭངས་ཤིང་། མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་པད་མ་རིན་ཆེན་མཚན་གང་ལས་ཀ་བྱས་པས་མིག་རྩ་དམར་པོ་ཆགས་ཡོད། གྱོད་གཞི་སྒྲུབ་ཁུལ་ནས་ཐོན་མ་ཐག་ཡིན་པའི་ཁོང་གིས་གྱོད་གཞི་ཞིག་གི་འདྲི་རྩད་ཐོ་འགོད་བྱས་ཚར་ཙམ་རེད། ཁོང་གི་ཉལ་མགོར་ཁོང་དམག་མིར་ཞུགས་སྐབས་ཕ་མ་དང་མཉམ་དུ་བརྒྱབ་པའི་པར་ཞིག་བཞག་ཡོད། ཁོང་གི་ཨ་ཕ་གཞོན་དུས་དམངས་ཁྲོད་ཀྱི་དམག་རྟ་སྐོར་ཞིབ་རུ་ཁག་གི་རུ་མི་ཡིན་ཞིང་། མཐའ་མཚམས་ཀྱི་འཐབ་ས་དང་པོར་འཚོ་བ་སྐྱེལ་མཁན་མང་ཚོགས་ཞིག་ཡིན་པའི་ཁོང་གི་ཨ་ཕས་ཨ་ཁུ་གཉིས་དང་མཉམ་དུ་རང་འགུལ་ངང་དམངས་ཁྲོད་ཀྱི་དམག་རྟ་སྐོར་ཞིབ་རུ་ཁག་བཙུགས་ཏེ་རྒྱུན་དུ་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་སུ་མཐའ་འཁོར་དུ་སྐོར་གཡེང་བྱེད་ལ། སྐབས་འགར་མཐའ་སྲུང་འཐབ་འཛིང་པར་ལམ་སྟོན་ཡང་བྱེད་ཀྱི་ཡོད།
པད་མ་རིན་ཆེན་གྱིས་རྒྱུན་དུ་ཨ་ཕ་མིག་དཔེར་འཛིན་ནས་ཆེན་པོ་ཆགས་རྗེས་དམག་མིར་ཞུགས་ཏེ་མཐའ་སྲུང་དམག་མི་ཞིག་བྱས་པ་དང་ད་ཆ་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པར་གྱུར་ཡོད། ཁོང་ལས་ཀར་ཞུགས་ནས་ལོ་བཅོ་ལྔ་ཡི་རིང་། “རང་མཐའ་མཚམས་ཡུལ་མིའི་བུ་ཕྲུག་ཡིན་པས། མཐའ་སྲུང་རྒྱལ་སྲུང་གི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས”ཞེས་པའི་ཨ་ཕའི་བསླབ་བྱ་བློ་ལ་བརྟན་པོར་ངེས་ཡོད། ཕག་རིའི་མཐའ་མཚམས་མངགས་གཏོང་ཁང་དུ་ལས་སྒྱུར་བྱས་རྗེས། ཁོང་གིས་ཕག་རིའི“དང་པོ་བཞིའི”སྙིང་སྟོབས་སྣེ་ཁྲིད་དུ་བྱེད་པ་དང་། ཕ་མེས་ཚོའི་སྲོལ་རྒྱུན་བཟང་པོའི་མིག་དཔེའི་འོག་མཐའ་སྲུང་བྱ་གཞག་ལ་གཞོལ་ཏེ་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་པ་མ་ཟད། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་བསལ་བས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
མངགས་གཏོང་ཁང་གི་གཟི་བརྗིད་ཁང་དུ་སུའོ་ཀྲང་བསྟན་འཛིན་བཟང་པོས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཕག་རི་མཐའ་མཚམས་མངགས་གཏོང་ཁང་ལ་སྤྲད་པའི“མཉམ་སྡེབ་བྱས་རྗེས་རིམ་པ་གཉིས་པའི”གཟེངས་རྟགས་བྱང་བུ་དེ་འགྲེམས་སྒྲོམ་དཀྱིལ་དུ་བཞག་པ་དང་། གྱང་ཐོག་ཏུ་བཀལ་བའི“རྒྱལ་ཡོངས་དཔེ་བཟང་མཐའ་སྲུང་མངགས་གཏོང་ཁང”གི་གོས་དར་དེ་དག་ལས་མི་རབས་གཉིས་ཀྱི་གཅིག་རྒྱུན་གཅིག་འཛིན་གྱི་གཟི་བརྗིད་མངོན་བཞིན་ཡོད།
བསྟན་འཛིན་བཟང་པོའི་ཨ་ཕ་བག་བྲོ་ནི་མངགས་གཏོང་ཁང་དུ་དམག་སྐུལ་དང་ལེན་སྐབས་ཀྱི་དྲག་ཆས་ཉེན་རྟོག་པ་ཁག་དང་པོའི་གྲས་དང་སུའོ་ཀྲང་གཉིས་པ་ཡིན། ཆུང་དུས་བསྟན་འཛིན་བཟང་པོར་ཕའི་བྱམས་སྐྱོང་ཐོབ་མྱོང་མེད་པས་འཁང་ར་བྱེད་མྱོང་ཡོད་མོད། འོན་ཀྱང་ཁོང་གིས་སྔར་བཞིན་ཨ་ཕ་དང་འདྲ་བར་ཉེན་རྟོག་པ་ཞིག་བྱས། 2024ལོར་ཁོང་གི་ཨ་ཕ་དེ་སྔ་ལས་ཀ་བྱེད་མྱོང་སའི་མངགས་གཏོང་ཁང་དུ་བསྐྱོད་དེ་སུའོ་ཀྲང་12པ་དེ་བྱས། ད་ཆ་ཨ་ཕས་ཁོང་ཉེན་རྟོག་པ་ཞིག་ཆགས་ནས་གངས་རེའི་འདབས་སུ་མཐའ་སྲུང་ལས་ལ་གཞོལ་བའི་གཟུགས་བརྙན་དེ་མཐོང་ཐབས་བྲལ། བསྟན་འཛིན་བཟང་པོས་ད་ཆ་ཨ་ཕས་བསྐྱོད་མྱོང་བའི་ལམ་དུ་སྐོར་གཡེང་བྱས་ཏེ་འགན་འཁྲི་སྒྲུབ་བཞིན་ཡོད།
སྤྱི་ལེ་65ཡི་མཐའ་མཚམས་ལམ་ཐིག་ཐོག་ཁོང་ཚོ་ནི་ཕ་དང་། བུ། བཟའ་ཟླ་བཅས་ཡིན་ལ་མཐའ་མཚམས་ཀྱི་སྲུང་དམག་ཀྱང་ཡིན། ཁོང་ཚོ་རྒྱུན་དུ་ནང་མི་དང་མཉམ་འཛོམས་བྱེད་རྒྱུ་ཉུང་ཡང་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་ལས་གནས་སྟོང་པར་འཇོག་མྱོང་རྩ་བ་ནས་མེད། གྲང་རླུང་འུར་འུར་དུ་ལྡང་བའི་མཐའ་མཚམས་ཀྱི་རི་ཁྲོད་ཀྱི་བྲག་རིས་ཁོང་ཚོའི་བརྟན་སྲུང་གི་དཔང་པོ་བྱེད་ལ། ཇོ་མོ་ལྷ་རིའི་རི་གཤམ་གྱི་མཐའ་སྲུང་ཁང་ནས་འཕྲོས་པའི་གློག་སྒྲོན་ལས་ཁོང་ཚོའི་ཞུམ་མེད་ཀྱི་དམ་བཅའ་མཚོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།