གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་དབྱར་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་གི་སྣ་འདུས་ཐབས་བཟང་ཡག་པོ་བཏོན་པ།
ཉེ་ཆར། ཡུལ་སྐོར་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་རྒྱལ་ལམ་318དང་། 349 ཞིང་ཆེན་ལམ་513བཅས་ཀྱི་ལམ་ཐིག་གི་མངའ་ཁོངས་ཡོངས་སུ་ཁྱབ་པའི་ལྷ་རྩེ་རྫོང་ཡང་འཁྲུག་ཆ་དོད་པོར་གྱུར་པ་མ་ཟད། མི་དང་རླངས་འཁོར་མང་དུ་ཕྱིན་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་གནོན་ཤུགས་ཀྱང་ཆེ་རུ་ངེས་ཅན་ཕྱིན་ཡོད།
རྒྱལ་ལམ་318ལམ་ཐིག་གི་གནས་སྐབས་ཞིབ་བཤེར་ས་ཚིགས་ཤིག་ཏུ་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ལག་ཁྱེར་ལ་ཞིབ་བཤེར་ནན་ཏན་བྱེད་བཞིན་སྦག་ཞྭ་གྱོན་མེད་པའི་སྦག་སྦག་ཁ་ལོ་བར་ཁ་ཏ་བསླབ་སྟོན་བྱེད་ཀྱི་ཡོད། མི་རིང་བའི་སར་རྒྱུན་གཏན་གྱི་གྱོན་ཆས་གྱོན་པའི་འགྲིམ་འགྲུལ་སློབ་སྟོན་པ་མང་པོ་ཞིག་གིས་འགྲོ་འོང་བྱེད་མཁན་ཚོར་དྲིལ་བསྒྲགས་ཤོག་བྱང་སྤྲད་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱའི་སྐོར་འགྲེལ་བཤད་རྒྱག་བཞིན་མཆིས།
སྤྱི་བདེ་པུའུ་ཡིས་ལས་འཛོལ་སྔོན་འགོག་གི“ཁ་གྲངས་ཉུང་གཏོང་དང་ཚོད་འཛིན་ཆེན་པོ”དང“དབྱར་དུས་ཀྱི་གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་ཐེངས་གཉིས་པ”བཀོད་སྒྲིག་བྱས་ཚུན་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་དང་ལེན་ཧུར་ཐག་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བཅོས་སྒྲིག་བྱེད་པ་དང་། བདེ་འཇགས་འགོག་སྲུང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་སློབ་གསོ་ཁྱབ་གདལ་གཏོང་བ། མཉམ་འབྲེལ་ཁྲིམས་སྒྱུར་བྱེད་པ་སོགས་གཙོ་གནད་ལས་འགན་ལ་དམིགས་ནས། སྡེ་ཚན་མང་པོས་མཉམ་དུ་ཤུགས་བརྒྱབ་སྟེ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་དང་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ནས་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་གྱི་འགྲོ་ལམ་བདེ་འཇགས་སྲུང་སྐྱོབ་ཏན་ཏིག་བྱས་ཡོད།
ལྷ་རྩེ་རྫོང་གི་མ་ལམ་དུ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས“འགྲིམ་འགྲུལ་དོ་དམ་དང་། ཅུས་ལས་ཁུངས། གཞི་རིམ་ཉེན་རྟོག་པའི་སྟོབས་ཤུགས་བཅས་མཉམ་སྡེབ་ཀྱི”མཐུན་སྦྱོར་གཞོགས་འདེགས་བྱེད་སྟངས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་ཆང་བཏུངས་འཁོར་གཏོང་དང་། འཁོར་རྟགས་དང་ལག་ཁྱེར་མེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་ནན་པོ་བྱས་ནས་མང་ཚོགས་འགྲོ་སྐྱོད་བདེ་པོ་ཡོང་ཆེད་གཡས་གཞོགས་གཡོན་འདེགས་བྱས་ཡོད།
མཚོ་ལའི་ལམ་དུམ་ལ་ཐུར་ལམ་སྤྱི་ལེ་10ཡོད་པ་དང་བསྟུད་མར་གུག་ཆ་དང་རོང་གཟར་ཡིན་པས་དེའི་རྒྱུད་ལ་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་པོ་ཡོད། ས་གནས་ས་ཐོག་ཏུ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་འཁོར་ལོའི་དྲོད་ཚད་གཅོག་ཆེད་རྫིང་བུའི་སར་ཁྲིད་ནས་འཁོར་ལོའི་དྲོད་ཚད་བཅག་སྟེ་འཁོར་བཀག་གི་ནུས་པ་ཤོར་ནས་ལས་འཛོལ་ཐོན་རྒྱུར་སྔོན་འགོག་བྱས་ཡོད། འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་རྫོང་ནགས་ཚལ་རྩྭ་ཐང་ཅུས་དང་མཉམ་འབྲེལ་བྱས་ཏེ་ཆུ་གཏོར་རླངས་འཁོར་མངགས་ནས་དུས་བཀག་ལྟར་དྲོད་ཚད་གཅོག་པའི་རྫིང་བུར་ཆུ་སྣོན་གྱི་ཡོད།
ཤང་དང་གྲོང་རྡལ་དང་གྲོང་ཚོ་གྲོང་ལྷན་ཁག་ཏུ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་དང་། གྲོང་ཚོའི་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག འགྲིམ་འགྲུལ་སློབ་སྟོན་པ། དྲ་མིག་བ་བཅས་ལས་གྲུབ་པའི་མཉམ་འགོག་མཉམ་བཅོས་དཔུང་ཁག་ཞིག་ཁྲོམ་གཞུང་དང་སྲང་ལམ་དུ་ལས་ལ་བྲེལ་བཞིན་ཡོད། ཁོང་ཚོས་ལམ་མདོ་གལ་ཆེན་དུ་ཚོན་ལྡན་གྱི་མཚོན་རྟགས་བཙུགས་ནས་ཁ་ལོ་བར་བདེ་འཇགས་ཞྭ་མོ་གྱོན་དགོས་པའི་དྲན་སྐུལ་བྱེད་པ་དང་ཞིང་ནང་དང་མུ་ཁར་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་ཀྱི་ཡོད།
གྲངས་གཞི་ལས་མངོན་པར། ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན་རྫོང་ཡོངས་སུ་རིམ་རྩིས་བརྒྱབ་ན་སློབ་སྟོན་ས་ཚིགས་15བཙུགས་པ་དང་། གཞི་རིམ་གྱི་མི་ཐེངས་50ལྷག་ཙམ་བཏང་བ། དྲིལ་བསྒྲགས་དཔྱད་གཞི་1200ལྷག་ཙམ་སྤྲད་པ། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁག་563ཞིབ་བཤེར་ཐག་གཅོད་བཅས་བྱུང་ནས་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།