དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    ཆབ་མདོའི་ཞིབ་དཔྱོད་ལས་ཁུངས་ཀྱིས“བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི”ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་དང་ལྟ་སྐུལ་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-22

    ཆབ་མདོ་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འབོད་སྒྲ་བྱ་སྤྱོད་ཀྱི་དུང་བརྡར་བརྩི་ཡི་ཡོད།

    གྲོང་མི་ཞིག་གིས་ས་གནས་དེ་གར་ཚང་མས་དགའ་པོ་བྱེད་པའི“འགུ་རོ་ཟམ་པའི”བསྲེགས་ཟས་ཀྱི་སུར་པན་ནི་ཐོན་སྐྱེད་ཀྱི་དུས་ཚོད་མེད་པ་དང་། ཐོན་སྐྱེད་བཟོ་གྲྭའི་ཆ་འཕྲིན་མེད་པ། སྤུས་ཚད་ཚད་ལོན་གྱི་ལག་ཁྱེར་མེད་པ་བཅས“མེད་པ་གསུམ”གྱི་ཐོན་རྫས་ཡིན་པས། བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་འདུག་ཅེས་ཐེར་འདོན་བྱས།

    ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཐེར་འདོན་འབྱོར་རྗེས་མགྱོགས་མྱུར་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་ཐོག་ནས་གྱོད་ཐོ་བཀོད་དེ་བརྟག་དཔྱད་བྱས་ཤིང་། བཟའ་བཅའི་བདེ་འཇགས་ལྟ་འདོམས་སྡེ་ཚན་དང་གྲོས་མོལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་རེད། ལྟ་འདོམས་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་གནད་དོན་ཡོད་པའི་སུར་པན་རྒྱ་མ་400ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་ལས་གཉེར་མི་སྣར་གསོ་སྦྱོང་ཚོགས་འདུ་འཚོགས་ནས་ཐོན་རྫས་ཀྱི་ཆ་འཕྲིན་ཚད་ལྡན་དུ་བཏང་བ་མ་ཟད། སུར་པན་ཁག་10ཡི་འཐེན་བཤེར་བྱས་འབྲས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁུངས་སྣེ་དང་མང་ཚོགས་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཆུང་ངུར་ཚད་མཐོའི་མཐོང་ཆེན་གྱིས་ཏན་ཏིག་ནུས་ལྡན་གྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་གྲངས་གཞི་ཆེན་པོའི་བཅའ་ཁྲིམས་ལྟ་སྐུལ་བྱེད་སྟངས་སྤྱད་དེ་བཅའ་ཁྲིམས་ལྟ་སྐུལ་ལ་གྲངས་འཛིན་གྱི་མཐུན་རྐྱེན་སྦྱར་ནས་ལས་རིགས་གསར་པའི་ཁྱབ་ཁོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཁུངས་སྣེ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། རྩད་གཅོད་བྱས་པ་བརྒྱུད། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་རི་བོ་ཆེ་རྫོང་དང་། གོ་འཇོ་རྫོང་། དཔལ་འབར་རྫོང་སོགས་མངའ་ཁོངས་སུ་ཉོ་སྐྱེལ་ལས་སྟེགས་ཀྱིས་བཟའ་བཅའི་གཉེར་སྐྱོང་ཆོག་མཆན་དཔང་ཡིག་ཁྲིམས་ལྟར་ཡོངས་བསྒྲགས་བྱས་མེད་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ནས་ཁུངས་སྣེ་རེ་རེ་བཞིན་སྒྲུབ་རྒྱུར་རྩིས་སྤྲད་པ་རེད། གཞི་རིམ་ཞིབ་དཔྱོད་ཁང་གིས་གོང་གསལ་གྱི་གནད་དོན་ལ་དམིགས་ནས་གྱོད་དོན་7ཐོ་འགོད་བྱས་པ་དང་། ཞིབ་དཔྱོད་ཀྱི་གྲོས་འགོ་6བཟོས་པ། གྲོས་མོལ་1བྱས་པ་རེད། ལྟ་སྐུལ་བྱས་པ་བརྒྱུད། སྲིད་འཛིན་ལས་ཁུངས་ཀྱིས“ཉོ་སྐྱེལ་ཀུང་སི་ག་གེ་མོ”དང“ལེགས་འདེམས་ག་གེ་མོ”སོགས་དྲ་རྒྱའི་བཟའ་བཏུང་ལས་སྟེགས་ཀྱི་འབྲེལ་ཡོད་འགན་འཁུར་བར་སྐོང་འདྲི་བྱས་པ་དང་། ལས་སྟེགས་ཀྱི་དྲ་རྒྱའི་བཟའ་བཏུང་མཁོ་འདོན་བྱེད་མཁན་912ལ་གྲལ་བཤེར་བྱས་པ། ལག་ཁྱེར་མེད་པའི་ཚོང་དུད་313གྱི་ཐོབ་ཐང་ལ་བསྐྱར་དུ་ཞིབ་བཤེར་བྱེད་དགོས་པའི་བཀའ་བཏང་བ། སྒྲིག་འགལ་ཚབས་ཆེན་གྱི་ཚོང་དུད་8ཕྱིར་འབུད་བྱས་པ། ཚོང་ཁང་གི་ལག་ཁྱེར་དང་ལག་ཁྱེར་གྱི་མིང་མི་མཐུན་པའི་ཚོང་དུད་5ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་ནས་བཟའ་བཅའ་བདེ་འཇགས་འགན་ལེན་བྱས་པ་རེད།

    སྨན་བཅོས་ཡོ་བྱད་ཀྱི་བདེ་འཇགས་ནི་ཚེ་སྲོག་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། ཁོངས་གཏོགས་ཁུལ་དུ་སྨན་བཅོས་ཡོ་བྱད་བེད་སྤྱོད་དང་བཙོངས་ཚུལ་ལ་གྲལ་བཤེར་གཏིང་ཟབ་བྱས་པ་མ་ཟད། གྱོད་གཞི་སྒྲུབ་གཉེར་བྱས་ནས་སྨན་བཅོས་ཡོ་བྱད་ཚད་ལྡན་དོ་དམ་ལ་སྐུལ་འདེད་བཏང་སྟེ་སྨན་བཅོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ཡོད།

    སྟེང་ཆེན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་བཅར་འདྲི་དང་བརྟག་དཔྱད་བྱེད་རིང་། ཁོངས་གཏོགས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ཁག་གཅིག་གིས་སྤྱོད་བཞིན་པའི་ཁྲག་ཤེད་འཇལ་ཆས་ལ་ཁྲིམས་ལྟར་བཙན་ཤེད་ངང་ཞིབ་དཔྱད་གཏན་འཁེལ་བྱེད་དགོས་མོད། འོན་ཀྱང་འབྲེལ་ཡོད་ཞིབ་དཔྱད་གཏན་འཁེལ་གྱི་ཆ་འཕྲིན་འདོན་རྒྱུ་མེད་པས་ཁྲག་ཤེད་ཚད་འཇལ་གྲངས་གཞི་ཡང་དག་མ་དག་པ་དང་བརྟག་དཔྱད་ནོར་འཁྲུལ་སོགས་ཀྱི་མཇུག་འབྲས་ཐོན་སྲིད་པ་ཤེས་རྟོགས་བྱུང་བར་ཞིབ་དཔྱོད་ཁང་གིས་ཚད་འཇལ་ལྟ་འདོམས་སྡེ་ཚན་དང་སྨན་རྫས་ལྟ་འདོམས་སྡེ་ཚན་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་ཞིང་། ལྟ་སྐུལ་བྱས་པ་བརྒྱུད། འབྲེལ་ཡོད་སྡེ་ཚན་གྱིས་སྨན་བཅོས་སྒྲིག་གཞིའི་ཚད་འཇལ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། འབྲེལ་ཡོད་ཡོ་བྱད་སྤྱོད་མཚམས་འཇོག་ཏུ་བཅུག་པ་དང་འབྲེལ། གཅིག་གྱུར་གྱི་ཞིབ་དཔྱད་གཏན་འཁེལ་གྱི་རྩིས་ཐོའི་ནང་དུའང་བཅུག་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། “བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པའི”ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལྟ་སྐུལ་བྱེད་སྒོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་གྱོད་གཞིའི་ཁུངས་སྣེ་19རྩད་གཅོད་དང་། གྱོད་གཞི་18ཐོ་འགོད། ཞིབ་དཔྱོད་ཀྱི་གྲོས་འགོ་12བཏོན་པ་བཅས་བྱས་པར་བརྟེན་ལྟ་སྐུལ་བྱེད་སྒོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།