གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།
འདི་ནི་ཆུ་ཁོངས་རོགས་སྐྱོབ་ཀྱི་དངོས་འཐབ་ཅན་གྱི་ནང་སྦྱོང་བྱེད་བཞིན་པ།
ཆུ་ལོག་གནོད་འཚེ་སྔོན་འགོག་བྱེད་པའི་རུ་ཁག་གི་རོགས་སྐྱོབ་དང་ཐག་གཅོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉིན་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་དངོས་འཐབ་ཀྱི་དགོས་མཁོར་དམིགས་པ་དང་། སྔོན་ཚུད་ནས་སྔོན་འགོག བྱ་ཐབས་སྣ་མང་སྤྱོད་པ་བཅས་བྱས་ནས། འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་པ་རེད།
ཉེ་ཆར། རུ་ཆེན་དེའི་བཀོད་འཐབ་པ་ཁེ་ལས་སུ་བསྐྱོད་དེ་ཁེ་ལས་ཀྱི་འབྲུབ་འགོག་ཉེན་ཁའི་ས་ཚིགས་ལ་གྲལ་བཤེར་དང་། འབྲུབ་འགོག་དངོས་ཟོག་གསོག་འཇོག འབྲུབ་དུས་ཀྱི་འཕྲལ་སྡོམ་ཐག་གཅོད་གོ་རིམ་སོགས་ཀྱི་ནང་དོན་ལ་དམིགས་ནས། འབྲུབ་འགོག་ཤེས་བྱའི་ཆེད་དོན་འཆད་ཁྲིད་བྱས་པས། ཁེ་ལས་ཀྱི་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། དེ་དང་ཆབས་ཅིག“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་དང་ཟུང་འབྲེལ་གྱིས་ཁོངས་གཏོགས་ཁུལ་གྱི་སྤྱི་གླིང་དང་ཚོང་ར་སོགས་མི་སྣ་འདུ་འཛོམས་ཆེ་ཁུལ་དུ་བསྐྱོད་དེ་ཡིག་རིས་གཉིས་ལྡན་གྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། དྲིལ་བསྒྲགས་རྒྱ་ཁྱབ་བརྡ་སྦྱོར་སྦྱོར་བ། ངོ་ཐུག་གདོང་འཕྲད་ངང་དོགས་གནད་སེལ་བ། སྒྲིག་ཆས་ཉམས་ལེན་བྱ་ཡུལ་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ལ་འབྲུབ་འགོག་ཤེས་བྱ་འགྲེལ་བཤད་བརྒྱབ་སྟེ། དམངས་ཡོངས་ཀྱི་འབྲུབ་འགོག་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་རེད།