དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མཐའ་སྲུང་སེམས་འབྲེལ་ཟམ་པ་བསྐྲུན། ཁྲིམས་སྐྱོང་ལས་འགན་རྒྱུན་འཛིན་བྱས།

    ཨ་པའོ་མི་རབས་གསུམ་གྱི་མཐའ་སྲུང་བརྩེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་ལྷོ་ནུབ་ཕྱོགས་སུ་སྐྱོད་པའི་ལམ་བར་དུ་རི་མཐོ་གྲོག་རོང་དག་ཤོག་དྲིལ་རི་མོ་ཆེན་པོ་ཞིག་ཁ་འགྲེམས་པ་ལྟ་བུ་མིག་ལམ་དུ་འཆར་བ་དང་། དེའི་ལམ་རྒྱུད་ཀྱི་བཟང་ཆུ་ཡང་ལང་ལོང་དུ་རྒྱུག་བཞིན་ཡོད། ཆུ་ཤུགས་ཆེ་བའི་སར་སླེབས་སྐབས་བྲག་རྡོ་ཆེན་པོ་ཞིག་ཡོད་པ་དེ་བརྗིད་ཉམས་ཆེན་པོས་ཀྲོང་ངེར་གནས་ཤིང་། དེའི་ཐོག“མདུན་སྐྱོད་ཟམ་ཆེན”ཞེས་པའི་ཡིག་འབྲུ་བཀོད་ཡོད།

    རྫ་ཡུལ་རྫོང་གི་ལོ་རྒྱུས་དེབ་ཐེར་ཐོག་བཀོད་པ་ལྟར་ན། 1951ལོར་བཅིངས་འགྲོལ་དམག་བོད་དུ་བསྐྱོད་རྗེས། བོད་ལུགས་ཀྱི་ཤིང་ཟམ་བསྐྲུན་སྟངས་ལ་དཔེ་བལྟས་ནས་དགྲ་ལྷ་གྲོང་ཚོའི་མང་ཚོགས་དང་མཉམ་དུ་ས་གནས་དེ་གའི་དམག་དམངས་མཉམ་འདྲེས་ཀྱི་ཟམ་ཆེན་དང་པོ་དེ་བསྐྲུན་པ་དང་འབྲེལ། “མདུན་སྐྱོད་ཟམ་ཆེན”ཞེས་མིང་ཡང་བཏགས་པས། དམག་དཔུང་དཔུང་སྐྱོད་དང་མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    ལོ་75ལ་སླེབས་པའི་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་པའོ་ནི་དགྲ་ལྷ་གྲོང་ཚོའི་ལོ་རྒྱུས་ལ་དཔང་པོ་བྱེད་མཁན་ཡིན་ཞིང་། སྐབས་དེར་ལོ་4ལ་སླེབས་པའི་ཁོང་དང་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དང་མཉམ་དུ་བརྒྱབ་པའི་པར་དང་པོ་དེ་ཁོང་གི་ངོས་ནས་བརྗོད་ན་བྱིས་དུས་ཀྱི་དྲན་ཤེས་ནང་དྲོ་སྐྱིད་ལྡན་ཤོས་ཤིག་ཆགས། གང་ཡིན་ཞེ་ན་དེ་ནི་ཕ་ཡུལ་མུན་ནག་ནས་བྲལ་ཏེ་འོད་སྣང་བསུ་བའི་འགོ་ཚུགས་པས་ཡིན།

    1984ལོར་ཁོང་ཏང་ནང་ཞུགས་པ་དང་འབྲེལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཐོན་བྱུང་རྗེས། ཨ་པའོ་ཡིས“དབུལ་པོ་ལས་སྒྲོལ་དགོས་ན་སྔོན་ལ་གླེན་རྨོངས་སེལ་དགོས་པ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་དགོས་ན་སྔོན་ལ་དམངས་སེམས་འགུག་ཐབས་བྱེད་དགོས་པ”གསལ་པོར་ཤེས་ཀྱི་ཡོད་པས། ཕྱོགས་གཅིག་ནས་བོད་ཡིག་རང་སྦྱོང་དང་ཡིག་རྨོངས་སེལ་བར་སྐུལ་འདེད་བཏང་སྟེ། གྲོང་མི་ཚོ“ཡི་གེ་ཤེས་ནས་ཚགས་པར་ལྟ་ཐུབ་པ”བྱས་པ་དང་། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱིས་རྩ་ཁྲིམས་དང་འོས་འགན་སློབ་གསོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱི་རྨང་གཞིའི་དེབ་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ་ཞིང་ནང་མུ་ཁ་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་བཅའ་ཁྲིམས་ཤེས་བྱ་གྲོང་མི་ཚོའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    ལོ་ངོ་30ལྷག་ཙམ་རིང་། ཨ་པའོ་ཡིས་ཉིན་གཅིག་ལྟར་གྲོང་ཚོ་ཡོངས་སུ་ཁྲིམས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་སྟེ། ཞིང་དལ་དུས་སུ་རིག་གནས་ཁང་དུ་ན་སོ་དར་ལ་མ་བབ་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སྐོར་ཤོད་པ་དང་། ཁྱིམ་ཚང་དུ་འཚམས་འདྲིར་སྐྱོད་སྐབས་འོས་འགན་སློབ་གསོའི་བཅའ་ཁྲིམས་ཀྱི་གལ་ཆེའི་རང་བཞིན་སྐོར་གླེང་བ། ཐ་ན་གྲོང་མིའི་ཁྱིམ་གྱི་བ་ཚང་འགྲམ་དང་ཞིང་ནང་མུ་ཁ་ཚང་མ“སྐོར་སྐྱོད་སློབ་ཁང”དུ་གྱུར་ཡོད། ཁོང་གིས་དེ་ལྟར་ལོ་མང་རྒྱུན་འཁྱོངས་བྱས་པས་དགྲ་ལྷ་གྲོང་ཚོ་འདི་ཉིད་རྫོང་ཡོངས་ཀྱི་འོས་འགན་སློབ་གསོ་སློབ་མཚམས་འཇོག་མཁན་མེད་པའི་གྲོང་ཚོ་དང་པོར་གྱུར་པ་མ་ཟད། རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོར་ཡང་བདམས་པ་རེད།

    ཨ་པའོ་ཡི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་ཚན་གྲོང་མི་མ་ཟད། རང་ཉིད་ཀྱི་བུ་ལའང་སློབ་ཁྲིད་བྱེད་ཀྱི་ཡོད། ཆུང་དུས་ནས་ཨ་ཕས་བཤད་པའི་བཅའ་ཁྲིམས་ཀྱི་གཏམ་རྒྱུད་ཉན་པའི་ཀྲེང་པའོ་ཡིས་ཨ་ཕའི་རྗེས་སུ་འབྲངས་ཏེ་ཨ་ཕའི་ལག་ནས་ཁྲིམས་ལུགས་ཁྱབ་གདལ་གྱི“ལག་རྒྱུག”བླངས་པ་རེད། བཅའ་ཁྲིམས་ཀྱི་དོན་ཚན་མང་ཚོགས་ཀྱིས་གོ་ཐུབ་པ་བྱ་ཆེད། ཁོང་གིས་དམངས་དོན་ཁྲིམས་གཞུང་ལ་བལྟས་དྲགས་པས་དེབ་ཧྲལ་ཧྲུལ་ཆགས། མ་ཟད་གསོམ་ཤིང་གི་ནགས་ཚལ་དང་ཆུ་འགྲམ་སོགས་སུ་ཁོང་གིས་གྲོང་མིར་བཅའ་ཁྲིམས་སྐོར་ཤོད་པའི་གཟུགས་བརྙན་ཡང་རྟག་ཏུ་མཐོང་རྒྱུ་ཡོད།

    ལོ་བཞི་ཡི་དུས་ཚོད་ནང་ཁོང“ལས་དང་པོ་བ”ཞིག་ནས་གྲོང་མིའི་ཡིད་ཆེས་ཐོབ་པའི“བཅའ་ཁྲིམས་ཤེས་མཁན”དུ་གྱུར་ཡོད།

    “ཨ་ཕས་ལོ་30སྤྱད་དེ་གྲོང་མི་རྣམས་ཀྱི་ཡིག་རྨོངས་སེལ་བ་དང་། ངས་དེ་བས་གསོན་ཉམས་ལྡན་པའི་བྱེད་ཐབས་སྤྱད་ནས་ཁྲིམས་སྐྱོང་གི་ཤེས་བྱ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་ཀྱི་ཡིན”ཞེས་ཀྲེང་པའོ་ཡིས《ཁྲིམས་སྐྱོང་ཉིན་རེའི་ཚགས་པར》གྱི་གསར་འགོད་པར་དེ་ལྟར་བཤད། ད་ཆ་ཁོང་ལ་ཁྲིམས་ལུགས་ཁྱབ་གདལ་སློབ་ཚན་འཁྲིད་ས་གསར་པ་མང་པོ་ཡོད་པ་སྟེ། གྲོང་ཚོའི་ལོ་རྒྱུས་ཁང་དུ་བོད་གསར་རྙིང་གི་བཅའ་ཁྲིམས་ཀྱི་འཕོ་འགྱུར་སྐོར་གླེང་བ་དང་། སློབ་གྲྭའི“ཁྲིམས་སྐྱོང་སློབ་ཁང”དུ་ཕྲུ་གུ་ཚོ་དང“ཡུལ་རྣམ་ལད་མོ”བྱེད་པ། བརྙན་ཐུང་བླངས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་རྒྱུན་གཏན་ཟིན་ཐོ་བཀོད་པ་སོགས་དགྲ་ལྷ་གྲོང་ཚོར་ཁྲིམས་ལུགས་ཁྱབ་གདལ་བཏང་བའི་དབང་གིས་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    ཀྲེང་པའོ་ཡི་བུ་ནི་སྤོ་བོ་ལགས་ཀྱིས་བཤད་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་གཏམ་རྒྱུད་དང་ཨ་ཕའི་སྒྲོག་འགྲེལ་ཉན་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། ད་ཆ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་ནས་ཐོན་ཏེ་ཕ་ཡུལ་དུ་ལོག་ནས་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་ཡོད། “སྤོ་བོ་ལགས་ཀྱིས་ཁྲིམས་ལུགས་ནི་མི་ཚང་མར་སྲུང་སྐྱོང་བྱེད་པའི‘ཕུབ’ལྟ་བུ་ཞིག་ཡིན་ཞེས་གསུང་གི་ཡོད། ཨ་ཕས་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་ནི་ལག་ཏུ‘ཕུབ’བཟུང་བ་དང་གཅིག་པ་ཡིན་ཞེས་བརྗོད་བྱུང”“90ནང་སྐྱེས”ཀྱི་མི་དམངས་ཉེན་རྟོག་པ་འདིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་ཁྲིམས་སྐྱོང་གི་དད་སེམས་མུ་མཐུད་རྒྱུན་མཐུད་བྱེད་བཞིན་ཡོད།

    ལོ་ན་ཆུང་བའི་ཨ་པའོ་དང་བཅིངས་འགྲོལ་དམག་གི་མཉམ་པར་ནས། ཀྲེང་པའོ་ཡི“སྐོར་སྐྱོད་ཁྲིམས་ལུགས་ཁྱབ་གདལ་སློབ་ཁང”དང་། དེ་ནས་ཚ་བོས་ཉེན་རྟོག་པའི་དམག་ཆས་གྱོན་པའི་དཔའ་ཉམས་བར། དགྲ་ལྷ་གྲོང་ཚོའི་གཏམ་རྒྱུད་ཁྲོད“ཁྲིམས་སྐྱོང”ནི་ནམ་ཡང་མི་གཅིག་གིས་བརྟན་སྲུང་བྱེད་པ་ཞིག་མིན་པར། མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱས་པ་ཞིག་ཡིན། ཁོང་ཚོས་ཆེས་བབ་ཆགས་པའི་བྱ་ཐབས་ཐོག་ནས་ཁྲིམས་སྐྱོང་གི་རྨང་གཞི་གཞི་རིམ་དུ་ཡོད་པ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་མང་ཚོགས་ལ་ཡོད་པ་ར་སྤྲོད་བྱས་ཡོད། “ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད”དག་གྲོང་ཚོའི་རིག་གནས་ཀྱི་གཞི་རྒྱུ་ཞིག་ཏུ་གྱུར་ཚེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལམ་བུ་དེ་བས་འགན་སྲུང་བརྟན་པོ་ཐུབ་རྒྱུ་རེད།

    (《ཁྲིམས་སྐྱོང་ཉིན་རེའི་ཚགས་པར》གྱི་2025ལོའི་ཟླ་6ཚེས་26ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།