དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དུས་བདེའི་སྤུས་ཚད་ལེགས་སུ་བཏང་། བཅོས་སྐྱོང་རིམ་སྤོར་ཡར་རྒྱས་ཕྱིན།

    འཕྱོངས་རྒྱས་རྫོང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    འདི་ནི་འཕྱོངས་རྒྱས་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་འཕྱོངས་རྒྱས་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་ལྟེ་གནས་ཀྱི་ལས་དོན་པས་དོ་བདག་ལ་འདུམ་འགྲིག་བྱེད་བཞིན་པ།

    འདི་ནི་མང་ཚོགས་ཀྱིས་འཕྱོངས་རྒྱས་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བཅའ་ཁྲིམས་བློ་འདྲི་ཞབས་ཞུའི་ལས་སྟེགས་སུ་བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་ལ་བློ་འདྲི་བྱེད་བཞིན་པ།

    འཕྱོངས་རྒྱས་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས(གཤམ་དུ“ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས”ཞེས་བསྡུ་རྒྱུ)ཀྱི་བཅའ་ཁྲིམས་ཞབས་ཞུའི་ཁུལ་དུ། སྒེར་གཉེར་ཚོང་དུད་ཚེ་རིང་གིས་འདུམ་འགྲིག་པའི་ལག་ནས་འཇུས་ཏེ“སྔོན་ཆད་གན་རྒྱའི་རྩོད་གཞིའི་དོན་དུ་སྡེ་ཚན་མང་པོའི་སར་འགྲོ་དགོས་མོད། ད་ཆ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཡོང་ན་ལས་དོན་པས་ང་ལ་ཁྲིམས་རྩོད་པར་འབྲེལ་གཏུག་དང་མཐུན་སྦྱོར་ཧུར་ཐག་བྱེད་ཀྱི་འདུག ཉིན་འགའ་ཡང་མ་འགོར་བར་དོན་དག་ཐག་གཅོད་ཐུབ་པས་ཧ་ཅང་སྟབས་བདེ་པོ་བྱུང”ཞེས་བརྗོད་ཅིང་། དེ་ནི་འཕྱོངས་རྒྱས་རྫོང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མང་ཚོགས་ལ་སེམས་རྩེ་གཅིག་ཏུ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་རེད།

    རྩ་འཛུགས་ཀྱི་འགོ་ཁྲིད་གནད་སར་འཁྱོལ་བར་འགན་ལེན་བྱ་ཆེད། འཕྱོངས་རྒྱས་རྫོང་གིས《འཕྱོངས་རྒྱས་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི》ཞིབ་བཟོ་བྱས་ཤིང་། འགན་ནུས་སྡེ་ཚན་ཁག་གི་འགན་འཁུར་བ་མཉམ་དུ་འཛོམས་ནས་ལས་ཀའི་འགན་འཁྲི་དོན་ཚན་རེ་རེ་བཞིན་གསལ་པོ་བཟོས་པ་རེད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས“ཇུས་གཞི་དེས་ལས་གནས་རེ་རེའི་ལས་འགན་ཞིབ་ཕྲ་བཟོས་པ་དང་། ཚང་མས་གསལ་ཐོ་དང་བསྡུར་ནས་དོན་འཁྱོལ་དམ་འཛིན་བྱས་པས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་གནས་སྟངས་བཟང་པོ་ཞིག་ཆགས་ཡོད”ཅེས་ངོ་སྤྲོད་བྱས་ཡོད།

    བཀོད་སྒྲིག་དང་སྐུལ་འདེད་ཐད། སྔ་རྗེས་སུ་ཆེད་དོན་སྐུལ་འདེད་ཚོགས་འདུ་ཐེངས་བདུན་འཚོགས་ཏེ་འཛུགས་སྐྱོང་ལས་དོན་མགྱོགས་སུ་བཏང་ཡོད། གྲོས་ཚོགས་ཁང་དུ་ཚོགས་ཞུགས་མི་སྣ་མཉམ་དུ་བསྡད་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་གོ་རིམ་གྱི་དཔེ་རིས་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་དང་། དབྱེ་ཞིབ་བརྡར་གཅོད་ནས་ཐོག་མའི་འདྲི་རྩད་འགན་འཁུར་བར་ལས་དོན་ལམ་སྲོལ་ཁག་18བསམ་གཞིགས་ཁྲོད་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། “ལམ་སྲོལ་འདི་དག་བཙུགས་པས་ང་ཚོའི་ལས་དོན་ལ་དེ་བས་སྒྲིག་སྲོལ་ལྡན་པ་དང་། མང་ཚོགས་ཀྱིས་དོན་དག་སྒྲུབ་པར་ཡང་སྔར་བས་འགན་སྲུང་ཐུབ་ཡོད”ཅེས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་ཕུན་ཚོགས་ཀྱིས་བཤད།

    ཆེད་བསྐོས་མི་དམངས་འདུམ་འགྲིག་པ་པད་མ་བསམ་གྲུབ་ཉིན་ལྟར་འདུམ་འགྲིག་ཁང་སོ་སོར་བསྐྱོད་ནས་ཕུན་སུམ་ཚོགས་པའི་ཉམས་མྱོང་སྤྱད་ནས་འགལ་བ་སེལ་བཞིན་ཡོད། “སྡེ་ཚན་མང་པོས་མཉམ་འབྲེལ་གཞུང་དོན་སྒྲུབ་ན། རྙོག་འཛིང་ཆེ་བའི་གནད་དོན་འཕྲད་ཚེ་ག་དུས་ཡིན་རུང་འབྲེལ་བ་བྱེད་ཐུབ་པས་ལས་ཕྱོད་ཧ་ཅང་ཆེ་རུ་ཕྱིན་སོང”ཞེས་པད་མ་བསམ་གྲུབ་ཀྱིས་བརྗོད།

    ཟླ་4པའི་ཟླ་མཇུག་ཏུ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བསྐྲུན་ནས་གཉེར་སྐྱོང་བྱས་ཚུན། དམངས་ཀྱི་དོན་དུ་བྱ་བ་དངོས་རེ་རེ་བཞིན་ཐག་གཅོད་གང་ལེགས་བྱས་ཡོད། དབྱེ་ཞིབ་བརྡར་གཅོད་ཁང་དུ་ལས་དོན་པས་དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་གྱི་རྩོད་གཞི་ཞིག་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཅིང་། “མང་ཚོགས་ཀྱིས་ང་ཚོར་ཡིད་ཆེས་བྱེད་ཀྱི་ཡོད་པས་ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་རྒུ་འདོན་དགོས”ཞེས་འགན་འཁུར་བས་བློ་རྩ་བརྟན་པོའི་སྒོ་ནས་བཤད། དེ་རྗེས་འདུམ་འགྲིག་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཕྱོགས་གཉིས་ཀྱི་དོ་བདག་དང་འབྲེལ་གཏུག་བྱས་ནས་དཔྱད་གཞི་བསྡུ་རུབ་བྱས་པ་མ་ཟད། མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད་མ་དངུལ་འབོར་ཆེན་དང་འབྲེལ་བའི་རྩོད་གཞི་ཡང་བདེ་བླག་ངང་བསལ་ཡོད། དེར་བརྟེན་དོ་བདག་གིས་དགའ་ཚོར་ཆེན་པོའི་ངང“མགྱོགས་པོ་འདི་འདྲར་ཐག་གཅོད་ཐུབ་པ་ཡིད་ལའང་འཁོར་མ་བྱུང་། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཁུལ་ལ་རྒྱུན་དུ་བློ་འདྲི་བྱེད་པར་ཡོང་བའི་མང་ཚོགས་ཀྱིས་ཁེངས་ཡོད། སློབ་ཆེན་སློབ་མ་ལྷ་མོས་ལས་གཏོད་བྱེད་རྩིས་ཡོད་ཀྱང་འབྲེལ་ཡོད་སྲིད་ཇུས་ལ་རྒྱུས་མངའ་དེ་ཙམ་མེད་པར་བརྟེན། ལས་དོན་པས་ཁོང་ལ་འགྲེལ་བཤད་ཞིབ་ཕྲ་བྱས་པ་མ་ཟད་བཅའ་ཁྲིམས་ཀྱི་ཡིག་ཆའང་འབྲི་རོགས་བྱས་ཡོད། “འདི་གར་ངའི་དོགས་པ་ཚང་མར་ལན་བཏབ་བྱུང་བས་བློ་བདེ་རུ་ཕྱིན་སོང”ཞེས་ལྷ་མོས་འཛུམ་དམུལ་དམུལ་ངང་བཤད། ལས་གྲྭ་ཞིག་གི་རྣམ་གྲངས་ནང་ཞིང་པ་ལས་མིར་གླ་ཕོགས་འགྱངས་ཆད་བྱུང་བའི་དཀའ་གནད་ལ་གཞིགས་ཏེ། རྫོང་ཡིག་སྐུར་ངོ་བཅར་དང་། མི་སྤྱི། ཁྲིམས་ཁང་སོགས་སྡེ་ཚན་གྱི་བཅའ་སྡོད་མི་སྣས་མཉམ་འབྲེལ་བྱ་སྤྱོད་སྤེལ་ནས་ལྷ་ཡུལ་ཤང་ར་མ་སྒང་གྲོང་ཚོར་བསྐྱོད་ཅིང་། ཞིང་ནང་དང་མུ་ཁར་ཞིང་པ་ལས་མིར་འབྲེལ་གཏུག་བྱས་པ་དང་། རྗེས་འདེད་ལྟ་སྐུལ་བྱས་ཏེ་མཐར་དངུལ་སྒོར་ཁྲི་100ལྷག་ཙམ་དུས་ཐོག་ཏུ་ཞིང་པ་ལས་མིའི་ལག་ཏུ་སྤྲད་པ་རེད། “དངུལ་རག་རྗེས་ཞིང་པ་ལས་མིའི་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས་མཐོང་དུས། ང་ཚོར་དཀའ་སྡུག་ཅི་ཙམ་ཆེ་ཡང་དོན་སྙིང་ཡོད་པ་ཞིག་རེད་བསམས་བྱུང”ཞེས་ལས་དོན་པ་དོན་གྲུབ་ཀྱིས་བཤད།

    ད་ལྟའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་མང་ཚོགས་ཀྱི་སེམས་ནང་གི“དུས་བདེའི་མཚོ་ཁུག”དང“དྲོ་སྐྱིད་ས་ཚིགས”སུ་གྱུར་ཞིང་། མཐོ་སའི་སྐུལ་འདེད་ནས་ཐོན་ཁུངས་བསྡུ་སྒྲིལ་བར་དང་། ཞབས་ཞུ་འགན་ལེན་ནས་དྲིལ་བསྒྲགས་མཐུན་རྐྱེན་སྦྱོར་བའི་བར་འཕྱོངས་རྒྱས་རྫོང་གིས་བྱེད་ཐབས་ཏན་ཏིག་དང་དངོས་སྒྲུབ་སྤྱོད་ཚུལ་ལ་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། དུས་བདེ་འཛུགས་སྐྱོང་གི་ལེའུ་གསར་པ་རྩོམ་བཞིན་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་རམ་འདེགས་བྱས་ནས། གངས་ལྗོངས་ས་མཐོའི་ཡུལ་ལུང་དུ་ཞི་བདེ་འཆམ་མཐུན་གྱི་མེ་ཏོག་ཁྲ་ཆིལ་ལེར་བཞད་པར་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།