ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས།
ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དམངས་སྲིད་ཅུས(དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས)ཀྱི་སྣེ་ཁྲིད་དང་སྒྲིག་འཛུགས་འོག སྣེ་གདོང་ཆུས་ཀྱི་མི་དམངས་ཁྲིམས་ཁང་དང་། ཁྲིམས་འཛིན་ཅུས། སྤྱི་བདེ་ཅུས། རྡོ་ཕོ་བྲང་ཤང་མི་དམངས་སྲིད་གཞུང་སོགས་སྡེ་ཚན་མང་པོ་ཞིག་གིས་མཉམ་ལས་དམ་ཟབ་བྱས་ནས་ཕྱོགས་མི་བྱིས་པ་གཡུ་སྒྲོན(གསང་མིང)ལ་ཨ་ཕའི་ལྟ་སྐྱོང་དབང་ཆ་མེད་པ་བཟོ་རོགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཡུ་སྒྲོན་གྱི་ཕ་མ་གཉིས་དབར་དངོས་ཡོད་ཀྱི་གཉེན་སྒྲིག་འབྲེལ་བ་ཞིག་ཡིན་པ་དང་། ཁྱིམ་ཚང་ནི་མ་མཐའི་འཚོ་བ་འགན་སྲུང་གི་དུད་ཚང་ཞིག་ཡིན་མོད། དུས་ཡུན་རིང་པོར་ཨ་ཕས་ལྟ་སྐྱོང་བྱེད་ཤུགས་ཆེན་པོ་མེད་པའི་གནད་དོན་འཕྲད་ཡོད། གཡུ་སྒྲོན་གྱི་ཐེམ་ཐོ་ཆུ་གསུམ་རྫོང་དུ་ཡོད་པའི་དབང་གིས། སློབ་གནས་ཀྱི་གནད་དོན་ཡང་ཁོ་མོ་སློབ་ཆུང་ནས་དམའ་འབྲིང་དུ་འགྲོ་བའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད། སྣེ་གདོང་ཆུས་དམངས་སྲིད་ཅུས(དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས)ཀྱིས་གནས་ཚུལ་ཤེས་རྟོགས་བྱས་རྗེས། “བྱིས་པའི་ཁེ་ཕན་ཆེ་ཤོས་སུ་བརྩི་བའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ་འཕྲལ་མར་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་གི་གོ་རིམ་ལག་བསྟར་བྱས་པ་དང་། ཁྲིམས་ལྟར་འབྲེལ་ཡོད་དཔང་རྟགས་དང་དཔྱད་གཞི་བསྡུ་རུབ་བྱས་ནས་ཁྲིམས་ཁང་ལ་ལྟ་སྐྱོང་པའི་ཐོབ་ཐང་མེད་པ་བཟོ་རྒྱུའི་རེ་ཞུ་ཕུལ་བ་རེད།
ཟླ་6པའི་ཟླ་འགོར། གྱོད་གཞི་དེ་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་ཤིང་། ཞིབ་གཅོད་བྱས་པ་བརྒྱུད། ཁྲིམས་ཁང་གིས་གཡུ་སྒྲོན་གྱི་ཨ་ཕས་ཡུན་རིང་ལྟ་སྐྱོང་འགན་འཁྲི་མ་སྒྲུབ་སྟབས། ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་པས། ཁྲིམས་ལྟར་ཁོང་གི་ཨ་ཕའི་ལྟ་སྐྱོང་དབང་ཆ་མེད་པ་བཟོས་པ་དང་བྱིས་པར་ལྟ་སྐྱོང་པ་གསར་པ་གཏན་འཁེལ་བྱ་རྒྱུའི་ཁྲིམས་ཐག་བཅད། གྱོད་གཞི་དེས་གཡུ་སྒྲོན་གྱི་ལྟ་སྐྱོང་དང་སློབ་གནས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ས་གནས་དེ་གར་གྱོད་གཞི་དེ་རིགས་ཐག་གཅོད་བྱེད་པར་དཔེ་མཚོན་ཡང་མཁོ་འདོན་བྱས་ཡོད།
སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་སློབ་ཆུང་གི་འབྲེལ་ཡོད་འགན་འཁུར་བས། གཡུ་སྒྲོན་གྱི་སློབ་གནས་སྦྲེལ་མཐུད་དོན་འཁྱོལ་བྱས་ནས་ཁོང་གི་སློབ་གསོ་ཐོབ་དབང་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།