མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དང་སྤུ་ཧྲེང་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱིས།
སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་གྲལ་བཤེར་བྱས་པ།
སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགན་དངུལ་ཁ་བསླུས་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། མི་དམངས་མང་ཚོགས་ཀྱི“སྨན་བཅོས་དངུལ”དང“སྲོག་སྐྱོབ་དངུལ”སྲུང་སྐྱོང་ཏན་ཏིག སྨན་བཅོས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་ཆར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དང་སྤུ་ཧྲེང་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཚོང་ཁང་ལ་གྲལ་བཤེར་ལས་དོན་གཏིང་ཟབ་སྤེལ་ནས། སྨན་བཅོས་འགན་བཅོལ་གྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་སྣ་ཚོགས་དང་སྨན་བཅོས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་རྡུང་རྡེག་ནན་པོ་བཏང་བ་རེད།
ད་རེས་ཀྱི་གྲལ་བཤེར་བྱ་སྤྱོད་ནང་ཉེས་དོན་མྱུལ་ཞིབ་རུ་ཆེན་དང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་རང་སོ་སོའི་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་བརྒྱུད་རིམ་དང་། སྨན་བཅོས་ཡོ་བྱད་དོ་དམ། ནད་བརྟག་སྨན་བཅོས་བྱ་སྤྱོད་ཀྱི་ཚད་ལྡན་རང་བཞིན་སོགས་ཀྱི་ཐད་གནས་པའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་རེད། སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་འཛིན་ཤོག་དང་། སྨན་ཡིག་ཟིན་ཐོ། འགྲོ་གྲོན་ཞིབ་ཕྲ་བཅས་ལ་ཞིབ་བཤེར་བྱེད་པ་དང་། སྨན་རྫས་བརྗེ་རེས་དང་། ནད་བརྟག་སྨན་བཅོས་ཀྱི་རྣམ་གྲངས་རྫུན་བཟོ། སྨན་བཅོས་ཚད་ལས་བརྒལ་བ་སོགས་ཐད་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་གྱི་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་བྱེད་པ་བཅས་ཀྱི་འགན་ཁུར་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་གཙོ་གནད་ཐོག་ཁྲིམས་དང་མི་མཐུན་པར་སྒེར་གཉེར་སྨན་བཅོས་དང་། སྨན་རྫུན་མ་དང་སྤུས་ཞན་བཟོ་འཚོང་། ཁྲིམས་དང་མི་མཐུན་པར་སྨན་རྫས་ཚོང་གཉེར་སོགས་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཡོད་མེད་གྲལ་བཤེར་བྱས་ཏེ་སྒོ་བསྟེན་སྨན་ཁང་གི་སྨན་རྫས་ནང་འདྲེན་གྱི་བརྒྱུད་ལམ་དང་གསོག་ཉར་ཆ་རྐྱེན། དེ་བཞིན་འབྲེལ་ཡོད་ཀྱི་འོས་ཐོབ་དཔང་ཡིག་བཅས་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།