ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།
ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་འཁོར་གཏོང་བཅས་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལས་འཛོལ་སྔོན་འགོག་ལས་དོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤེལ་བཞིན་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ལམ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས། ཚན་རིག་དང་མཐུན་པའི་ངང་ལྟ་འདོམས་བཀོད་སྒྲིག་བྱེད་པ་དང་། བྱ་ཐབས་ནུས་ལྡན་མང་པོ་ཧུར་ཐག་སྤྱོད་པ། དམིགས་སའི་རང་བཞིན་གྱི་སྒོ་ནས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་གཞུང་ལམ་ཨ་མ་དང་། ཨར་ཁང་། བཟའ་བཏུང་བྱ་ཡུལ་སོགས་གཙོ་གནད་ལམ་དུམ་ལ་དམིགས་ནས་དུས་གཡོལ་ལས་སྒྲུབ་དང་། གཟའ་མཇུག་མཚན་བཤེར། ཉིན་མཚན་སྐོར་ཞིབ་སོགས་ཀྱི་བྱ་ཐབས་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་ལས་ཀ་བཀོད་སྒྲིག་བྱེད་པ། ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་ཅན་དང་། བཅོས་སྒྲིག་དུས་ཚོད་གཏན་འཁེལ་མེད་པ། བཅོས་སྒྲིག་ས་ཁོངས་ཁྱོན་ཡོངས་ལ་ཁྱབ་པ་སོགས་ཀྱི་སྟབས་བསྟུན་བྱ་ཐབས་སྤྱོད་པ་བཅས་བྱས་ནས། འགྲོ་འོང་བྱེད་པའི་འཁོར་རིགས་ལ་གྲལ་བཤེར་ཐེངས་མང་བྱས་པ་རེད།
ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། རིམ་རྩིས་བརྒྱབ་ན་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཁག་263ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དེའི་ནང་ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་1དང་། ལག་ཁྱེར་མེད་པར་འཁོར་གཏོང་གི་བྱེད་སྤྱོད་1 བོགས་གཏོང་འགྲུལ་སྐྱེལ་རླངས་འཁོར་ཁྲིམས་འགལ་བཟོ་བཅོས་བརྒྱབ་པའི་བྱེད་སྤྱོད་13བཅས་ཚུད་ཡོད་པ་རེད།