དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • “མང་ཚོགས་ཀྱི་དོན་དག་ཇི་ལྟར་ཆུང་ནའང་དོན་ཆེན་ཡིན”

    —— མལ་གྲོ་གོང་དཀར་རྫོང་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ཅུས་ཀྲང་སྐྲ་བཟང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-01

    བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ལས་བྱེད་པ་ཞིག་གི་མིང་མང་ཚོགས་ཚང་མས་ཤེས་ཀྱི་ཡོད། གང་ཡིན་ཞེ་ན། ལོ་16རིང་ཁོང་གིས་གཞི་རིམ་དུ་གཞི་ཚུགས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། འགལ་ཟླ་སེལ་བ། བཅའ་ཁྲིམས་ལ་བརྟེན་ནས་དྲང་གཞག་སྲུང་སྐྱོང་བཅས་བྱས་ཡོད། ས་མཐོར་ཕུགས་འདུན་དོན་གཉེར་བྱེད་བཞིན་པའི་ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་ལས་འགན་ལ་གསལ་འགྲེལ་བྱས་ཏེ། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལེགས་སྐྱེས་འབུལ་བཞིན་ཡོད།

    2008ལོར་སྐྲ་བཟང་ཡིག་འབུལ་ཞུ་བཅར་གྱི་ལས་གནས་སུ་ཐོག་མར་སླེབས་སྐབས། ཞིང་པ་ལས་མིའི་འགྱངས་ཆད་གླ་ཆ་དང་ལས་རྨས་རྩོད་གཞི་སོགས་རྙོག་འཛིང་ཆེ་བའི་གནད་དོན་གྱི་མདུན་དུ་ཁོང་གིས་ཕྱིར་བཤོལ་མ་བྱས་པར། “རྐུབ་སྟེཌ་གཅིག་དང་། ཆུ་ཁོལ་ཕོར་བ་གང་། འཛུམ་མདངས་ཤིག”བཅས་ཀྱི་ལས་ཀའི་སྤྲོ་སེམས་ལ་བརྟེན་ནས། ཞུ་བཅར་ལ་ཡོང་བའི་མང་ཚོགས་ཚང་མའི་སེམས་ཀྱི་སྐད་ཆ་ངང་རྒྱུད་རིང་པོས་ཉན་གྱི་ཡོད། ལོ་16རིང་ཁོང་གིས་ཡིག་འབུལ་ཞུ་བཅར་གྱི་དོན་དག་1000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་འགལ་ཟླ་900ལྷག་ཙམ་འདུམ་འགྲིག་བདེ་བླག་བྱས་པ་མ་ཟད། མང་ཚོཌ་40ལྷག་ཙམ་ལ་ཁྲིམས་འཛིན་ཐབས་ལམ་ལམ་སྟོན་བྱས་ཤིང་། ལུཌ་དང་མི་མཐུན་པའི་རེ་འདུན་20ལྷག་ཙམ་ལ་མང་ཚོགས་བློ་ཡིད་ཚིམ་པའི་ལན་སློག་ཡོད།

    “ཡིག་འབུལ་ཞུ་བཅར་ལ་ཡོང་བའི་མང་ཚོགས་ནང་མིར་བརྩི་བ་དང་མང་ཚོཌ་ཀྱི་རེ་འདུན་རང་ཉིད་ཀྱི་དོན་དག་ལ་བརྩི་དགོས” འདི་ནི་སྐྲ་བཟང་གིས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་ལས་ཀའི་དམ་བཅའ་རེད། ཁོང་ཁྲོ་ཆེན་པོ་ལངས་པའི་མང་ཚོགས་སླེབས་ཀྱང་། ཁོང་གིས་སྔར་བཞིན་རང་ཉིད་གཞན་གྱི་གནས་བབ་ཐོག་བཞག་སྟེ་བསམ་བློ་བཏང་ནས་ངང་རྒྱུད་རིང་པོས་ཁོང་ཚོར་གནས་ལུགས་བརྗོད་ཀྱི་ཡོད།

    སྐྲ་བཟང་གིས་ཡིག་འབུལ་ཞུ་བཅར་གྱི་ལས་ཀ་དེ་གཞུང་ལས་ཁང་དུ་མང་ཚོགས་བསྒུགས་ནས་བསྡད་ན་མི་འགྲིག་པ་གསལ་པོར་ཤེས་ཀྱི་ཡོད། ལོ་16རིང་ཁོང་གིས་གྲོང་གསེབ་དང་གཏེར་ཁུལ་དུ་ཐེངས་500ལྷག་ཙམ་བསྐྱོད་ནས་འགལ་ཟླ་དང་རྩོད་གཞི་600ལྷག་ཙམ་གྲལ་བཤེར་བྱས་པ་དང་། དཔྱིད་གསར་དུས་ཆེན་རིང་། ཁོང་གིས་ལས་དུས་འཕར་སྣོན་བྱས་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ལ་ལྟ་སྐུལ་བྱས་པ་སོགས་མང་ཚོགས་ཀྱི་དགོས་མཁོ་གང་དུ་ཆེ་ཤོས་ཡོད་ན་འདི་གར་ཁོང་གི་གཟུགས་བརྙན་རྟག་ཏུ་མཐོང་རྒྱུ་ཡོད། ལས་མི་ཚོས་ཀྱང“ཅུས་ཀྲང་སྐྲ་བཟང་ཡོད་ན་ང་ཚོ་བློ་བདེ་པོ་འདུག”ཅེས་ཡང་ཡང་བརྗོད་ཀྱི་ཡོད།

    མལ་གྲོ་གུང་དཀར་རྫོང་གི་ས་བབ་སྨི་4000ལྷག་ཙམ་གྱི་གཏེར་ཁུལ་ཡིན་ནའང་འདྲ། ཡང་ན་ཐག་རིང་གི་ཞིང་འབྲོག་ཁུལ་ཡིན་ནའང་འདྲ། ཚང་མར་སྐྲ་བཟང་གི་རྐང་རྗེས་ཡོད། ཁོང་གང་དུ་སོང་ཡང་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལག་དེབ་དང་ཡིག་འབུལ་ཞུ་བཅར་གྱི་ཐོ་འགོད་དེབ་ཁྱེར་ནས། བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་དང་འགལ་ཟླ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཀྱི་ཡོད། རང་འགུལ་ངང་གཞི་རིམ་དུ་ཟབ་སྐྱོད་བྱེད་པའི་ལས་ཀའི་བྱེད་སྟངས་དེ་ལས། མི་མངོན་པའི་སྤྱི་ཚོགས་ཀྱི་འགལ་བ་མང་པོ་ཞིག་ཤེས་རྟོགས་དང་ཐག་གཅོད་ཐུབ་ཡོད།

    དུས་ཡུན་རིང་པོའི་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཁྲོད། སྐྲ་བཟང་གིས་བྱ་གཞག་དེར་སྤྲོ་སེམས་དང་ངང་རྒྱུད་རིང་པོ་ཁོ་ན་ཙམ་གྱིས་མི་ཆོག་པར་ད་དུང་ངེས་པར་དུ་ཆེད་ལས་ཀྱི་བཅའ་ཁྲིམས་བྱང་ཚད་དང་སྲིད་ཇུས་ཀྱི་ཆུ་ཚད་ལྡན་དགོས་པ་གཏིང་ཟབ་ཤེས། དེར་བརྟེན། ཁོང་གིས་བཅའ་ཁྲིམས་ཁྲིམས་སྲོལ་ལ་ཞིབ་འཇུག་ཧུར་ཐག་བྱས་ནས་རང་ཉིད་ཀྱི་ལས་སྒོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ལོ་16རིང་ཁོང་གིས་མང་ཚོགས་40ལྷག་ཙམ་ལ་ཁྲིམས་འཛིན་ཐབས་ལམ་ལམ་སྟོན་བྱས་ནས། ལུགས་དང་མི་མཐུན་པའི་རེ་ཞུ་20ལྷག་ཙམ་ལ་བློ་ཡིད་ཚིམ་པའི་ལན་བསློགས་ཏེ་ཆེད་ལས་ལ་བརྟེན་ནས་དྲང་གཞག་དང་དྲང་བདེན་བསྲུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།