བོད་ལྗོངས་ནགས་ཚལ་མེ་ཟོན་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་སྲིད་གཙང་ཉེན་བརྡའི་སློབ་གསོ་སྤེལ་བ།
འདི་ནི་བཀོད་འཐབ་པ་ཡོངས་ཀྱིས་ལྷ་ས་གྲོང་ཁྱེར་ཏང་ཡོན་ལས་བྱེད་པའི་སྲིད་གཙང་ཉེན་བརྡའི་སློབ་གསོ་ལྟེ་གནས་སུ་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།
ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་བཀོད་འཐབ་པ་ཡོངས་སྒྲིག་འཛུགས་བྱས་ནས། ལྷ་ས་གྲོང་ཁྱེར་ཏང་ཡོན་ལས་བྱེད་པའི་སྲིད་གཙང་ཉེན་བརྡའི་སློབ་གསོ་ལྟེ་གནས་སུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། དེའི་དམིགས་ཡུལ་ནི་བཀོད་འཐབ་པས་གྱོད་དཔེ་དཔྱད་གཞིར་བཟུང་སྟེ་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། འཇིགས་བཀུར་ཤེས་པ་དང་། དོགས་ཟོན་བྱེད་པ། མཐའ་ཚད་སྲུང་བ་བཅས་ཐུབ་པ་བྱས་ཏེ་བསམ་བློའི་འབྱུང་རྩ་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་གཏན་འགོག་བྱ་རྒྱུ་དེ་རེད།
ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་ལས་བཀོད་འཐབ་པ་ཡོངས་ལ་བསམ་བློའི་ཞུན་བརྡར་གཏིང་ཟབ་བྱུང་བ་དེ་ནི་རུ་ཆེན་གྱིས་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ནུས་ལྡན་ཞིག་རེད། རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་སྲིད་གཙང་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཙང་འཛུགས་སྐྱོང་དེ་རྒྱུན་གཏན་གྱི་ལས་དོན་ནང་ཁྱབ་པར་བྱས་ཐོག སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པའི་མེ་ཟོན་དམག་ཧྲག་ཅིག་བསྐྲུན་ནས། བོད་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད། སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད་པ་རེད།