དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།
འདས་པོའི་མིང་གྲགས་ལ་དམའ་འབེབས་དང་སྙོན་འཛུགས་བྱས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་སམ།
དོན་ཚན་དགུ་བརྒྱ་དང་གོ་བཞི་པ། འདས་པོའི་རུས་མིང་དང་། འདྲ་པར། མིང་གྲགས། མཚན་སྙན། སྒེར་གསང་། བེམ་པོ་སོགས་ལ་གནོད་འཚེ་བཏང་ན་དེའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ལ་ཁྲིམས་ལྟར་བྱ་སྤྱོད་སྤེལ་མིས་དམངས་དོན་འགན་འཁྲི་འཁུར་དགོས་པ་རེ་འདུན་འདོན་དབང་ཡོད། འདས་པོར་བཟའ་ཟླ་དང་བུ་ཕྲུག་མེད་ལ་ཕ་མ་ཡང་འདས་ཟིན་ཚེ། དེའི་གཉེན་ཉེ་གཞན་དག་ལ་བྱ་སྤྱོད་སྤེལ་མིས་དམངས་དོན་འགན་འཁྲི་འཁུར་དགོས་ལུགས་ཁྲིམས་ལྟར་རེ་འདུན་འདོན་དབང་ཡོད།
ཁྲིམས་ལུགས་འཆད་སྟེགས།
འདས་པོའི་མི་གཞིར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད། འདས་པོའི་རུས་མིང་དང་། འདྲ་པར། མིང་གྲགས། མཚན་སྙན། སྒེར་གསང་། ཕུང་པོ་སོགས་མི་གཞིར་གཞན་གྱི་གནོད་འཚེ་ཕོག་པ་དཔེར་ན། ཆོག་འཁྲོལ་མ་ཐོབ་པར་རང་དགར་འདས་པོའི་མིང་དང་། འདྲ་པར་སྤྱོད་པ་དང་། དམའ་འབེབས་དང་སྙོན་འཛུགས་ སོགས་བྱེད་སྟངས་བརྒྱུད་འདས་པོའི་མིང་གྲགས་དང་མཚན་སྙན་ལ་གནོད་འཚེ་གཏོང་བ། འདས་པོའི་སྒེར་གསང་དང་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་ཕྱིར་བསྒྲགས་དང་བེད་སྤྱོད་བྱེད་པ། འདས་པོའི་བེམ་པོ(ཕུང་པོ་དང་། ཕུང་རུས། པུར་ཐལ་བཅས་ཚུད་པ) ཁྲིམས་འགལ་གྱིས་བེད་སྤྱོད་དང་དེར་གནོད་འཚེ་གཏོང་བ་སོགས་རེད། གནས་ཚུལ་དེ་རིགས་འོག་འདས་པོའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ཀྱིས་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་འདུན་ འདོན་དབང་ཡོད་པ་དང་ཕ་རོལ་པོར་མིང་གྲགས་ལ་གནོད་འཚེ་གཏོང་མཚམས་འཇོག་པ་དང་མིང་གྲགས་སླར་གསོ་བྱེད་དགོས་པ་དང་འབྲེལ་བསམ་བློའི་གྱོང་གུན་གསབ་རྒྱུའི་རེ་འདུན་འདོན་ཆོག གལ་ཏེ་འདས་པོར་བཟའ་ཟླ་དང་བུ་ཕྲུག་མེད་ལ་ཕ་མའང་འདས་ཟིན་ཚེ་གཉེན་ཉེ་གཞན་དག་ལ་ཁྲིམས་ལྟར་བྱ་སྤྱོད་སྤེལ་མིས་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་འདུན་འདོན་དབང་ཡོད།
མི་གཞིའི་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་གནོད་འཚེ་ཕོག་མཁན་གྱིས་ཁྲིམས་ཁང་ལ་བཀག་རྒྱ་དང་སྲུང་སྐྱོང་གི་རེ་འདུན་ཞུ་ཆོག་གམ།
དོན་ཚན་དགུ་བརྒྱ་དང་གོ་བདུན་པ། དམངས་དོན་བྱེད་པོར་བྱ་སྤྱོད་སྤེལ་མིས་རང་ཉིད་ཀྱི་མི་གཞིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་བཞིན་ཡོད་པའམ་སྤེལ་གྲབས་ཡོད་པ་དང་། དུས་ཐོག་ཏུ་བཀག་འགོག་མ་བྱས་ན་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གསབ་ཐབས་མེད་པའི་གནོད་འཚེ་ཕོག་སྲིད་པ་ར་སྤྲོད་བྱེད་ཐུབ་པའི་དཔང་རྟགས་ཡོད་པ་ཡིན་ན། ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བྱ་སྤྱོད་སྤེལ་མིས་འབྲེལ་ཡོད་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་བཀོད་གཏོང་བའི་རེ་འདུན་ཞུ་ཆོག
ཁྲིམས་ལུགས་འཆད་སྟེགས།
དྲ་རྒྱའི་དུས་རབས་སུ་མི་གཞིའི་ཁེ་དབང་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ཁ་ཤས་གལ་ཏེ་དུས་ཐོག་ཏུ་བཀག་འགོག་མ་ཐུབ་ཚེ་གསབ་ཐབས་མེད་པའི་གྱོང་གུན་བཟོ་སྲིད། གལ་ཏེ་བྱ་སྤྱོད་སྤེལ་མིས་བྱ་སྤྱོད་སྤེལ་བཞིན་ཡོད་པའམ་སྤེལ་གྲབས་ཡོད་པ་དང་། དུས་ཐོག་ཏུ་བཀག་འགོག་མ་བྱས་ན་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ ལ་གསབ་ཐབས་མེད་པའི་གྱོང་གུན་ཕོག་སྲིད་པ་མ་ཟད་དམངས་དོན་བྱེད་པོར་དེའི་ཐད་དཔང་རྟགས་ཁུངས་བཙན་ཡོད་ཚེ་དེས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བྱ་སྤྱོད་སྤེལ་མིས་འབྲེལ་ཡོད་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་བཀོད་གཏོང་བའི་རེ་འདུན་འདོན་དབང་ཡོད། དམངས་དོན་བྱེད་པོའི་རེ་འདུན་ཁྲིམས་མཐུན་ཡིན་ཚེ་མི་དམངས་ཁྲིམས་ཁང་གིས་བྱ་སྤྱོད་སྤེལ་མིར་འབྲེལ་ཡོད་བྱེད་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་བཀོད་གཏོང་དགོས།
འདས་པོའི་ཁྱིམ་མིས་ཕུང་པོ་ཞལ་འདེབས་འབུལ་རྒྱུའི་ཐག་མཉམ་དུ་གཅོད་ཆོག་གམ།
དོན་ཚན་ཆིག་སྟོང་དང་དྲུག་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མི་ལ་ཁྲིམས་ལྟར་རིན་མེད་དུ་ཁོའི་མི་ལུས་ཀྱི་ཕྲ་ཕུང་དང་། མི་ལུས་ཀྱི་གྲུབ་ཕུང་། མི་ལུས་ཀྱི་དོན་སྣོད། ཕུང་པོ་བཅས་ཞལ་འདེབས་སུ་འབུལ་རྒྱུ་རང་ཐག་རང་གཅོད་བྱེད་དབང་ཡོད། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་བཙན་ཐབས་དང་། མགོ་སྐོར། བསླུ་བྲིད་བཅས་ཀྱི་ཐོག་ནས་ཁོང་ལ་ཞལ་འདེབས་འབུལ་དུ་བཅུག་མི་ཆོག
དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་ལ་ནང་ཚན་གོང་མའི་གཏན་འབེབས་ལྟར་ཞལ་འདེབས་སུ་འབུལ་རྒྱུའི་མོས་མཐུན་ཡོད་ན། ཡིག་ཐོག་གི་རྣམ་པ་སྤྱོད་དགོས་ལ་ཁ་ཆེམས་བཞག་ཀྱང་ཆོག
རང་བྱུང་མི་འཚོ་གནས་བྱེད་རིང་ཞལ་འདེབས་འབུལ་རྒྱུར་མོས་མཐུན་མེད་ཚུལ་མ་བསྟན་པ་ཡིན་ན། རང་བྱུང་མི་དེ་ཤི་རྗེས་དེའི་བཟའ་ཟླ་དང་། ནར་སོན་པའི་བུ་ཕྲུག ཕ་མ་བཅས་ཀྱིས་མཉམ་དུ་ཞལ་འདེབས་འབུལ་རྒྱུ་ཐག་གཅོད་བྱས་ཆོག ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་སྐབས་ཡིག་ཐོག་གི་རྣམ་པ་སྤྱོད་དགོས།
ཁྲིམས་ལུགས་འཆད་སྟེགས།
རང་བྱུང་མིར་མི་ལུས་ཀྱི་ཕྲ་ཕུང་དང་། མི་ལུས་ཀྱི་གྲུབ་ཕུང་། མི་ལུས་ཀྱི་དོན་སྣོད། ཕུང་པོ་བཅས་ཞལ་འདེབས་སུ་འབུལ་རྒྱུ་རང་ཐག་རང་གཅོད་བྱེད་དབང་ཡོད། ཞལ་འདེབས་འབུལ་བའི་འདུན་པ་ནི་ཁྲིམས་དང་མཐུན་དགོས་པ་ལས་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་སྲོལ་རྒྱུན་གྱི་གོམས་གཤིས་ལས་འགལ་མི་རུང་། མི་ལུས་ཞལ་འདེབས་འབུལ་བའི་འདུན་པ་ནི་བདེན་པ་དང་རང་མོས་ཡིན་པ་ལས་རྩ་འཛུགས་སམ་མི་སྒེར་གང་རུང་གིས་བཙན་ཐབས་དང་། མགོ་སྐོར། བསླུ་བྲིད་བཅས་ཀྱི་ཐོག་ནས་ཞལ་འདེབས་འབུལ་དུ་བཅུག་མི་ཆོག དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་ལ་གཞི་ནས་ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་དབང་ཡོད་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་མི་ལུས་ཞལ་འདེབས་འབུལ་བའི་མོས་མཐུན་བྱེད་མི་ཆོག ཞལ་འདེབས་འབུལ་རྒྱུའི་མོས་མཐུན་བྱེད་མཁན་གྱིས་ཡིག་ཐོག་གམ་ཡང་ན་ནུས་ལྡན་གྱི་ཁ་ཆེམས་འཇོག་དགོས། གལ་ཏེ་རང་བྱུང་མི་འཚོ་གནས་བྱེད་རིང་དུ་ཞལ་འདེབས་འབུལ་རྒྱུར་མོས་མཐུན་མེད་ཚུལ་མ་བསྟན་པ་ཡིན་ན་རང་བྱུང་མི་དེ་ཤི་རྗེས་དེའི་བཟའ་ཟླ་དང་། ནར་སོན་པའི་བུ་ཕྲུག ཕ་མ་བཅས་ཀྱིས་ཡིག་ཐོག་རྣམ་པའི་ཐོག་ནས་མཉམ་དུ་ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་ཆོག་པ་དང་མི་སུ་ཞིག་གིས་མོས་མཐུན་མ་བྱས་ཚེ་ཞལ་འདེབས་འབུལ་ཆོག་གི་མེད།