ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་སྒྲིག་འགལ་དུ་འཇོག་པའི་ཆེད་དོན་བཅོས་སྒྲིག་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱིས་རླངས་འཁོར་སྒྲིག་འགལ་དུ་འཇོག་པའི་གནད་དོན་ལ་དམིགས་ཏེ་ཁོངས་གཏོགས་ཁུལ་གྱི་གླིང་རྒྱུད་ལམ་དུ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
ལས་དོན་སྤེལ་རིང་ཁྲིམས་སྒྱུར་མི་དམངས་ཉེན་རྟོག་པས་ལམ་དུམ་དེར་འཕྲུལ་སྒུལ་འཁོར་རིགས་ཀྱིས་མིའི་འགྲོ་ལམ་ཧམ་བཟུང་བྱས་པ་དང་ལོང་བའི་འགྲོ་ལམ་དུ་འཕྲུལ་སྒུལ་འཁོར་རིགས་བཞག་པ་སོགས་ལ་དམིགས་ནས། ཕྱིར་སྐྱོད་བདེ་བ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ། འགྲོ་ལམ་དེའི་འགྲིམ་འགྲུལ་བདེ་འཇགས་བཅས་འགན་ལེན་ཡག་པོ་བྱ་ཆེད། ལས་སྒྲུབ་མི་དམངས་ཉེན་རྟོག་པས“སློབ་གསོ་དང་ཆད་གཅོད་ཟུང་འབྲེལ”གྱི་ཐབས་གཉིས་མཉམ་སྤྱོད་ཀྱི་ཁྲིམས་སྒྱུར་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གཏན་འཇགས་ས་གནས་སུ་ཁ་བྲལ་དགོས་པའི་སློབ་གསོ་གཏོང་བ་དང་། སྐོར་སྐྱོད་སྐོར་ཞིབ་བྱེད་པ། རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ལས་ཀའི་བྱེད་སྟངས་སྤྱད་དེ་གླིང་རྒྱུད་ལམ་གྱི་རླངས་འཁོར་སྒྲིག་འགལ་ངང་འཇོག་པའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་པ་རེད།
ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ལས་གླིང་རྒྱུད་ལམ་གྱི་འགྲོ་སྐྱོད་སྒྲིག་ལམ་ལེགས་སུ་ཕྱིན་ཡོད་ལ། རླངས་འཁོར་འཇོག་སྟངས་ཀྱང་དེ་བས་གྲལ་འགྲིག་པ་དང་གོ་རིམ་ལྡན་པར་གྱུར་ནས་འགྲོ་ལམ་ཤར་གཏོང་ཐུབ་ཚད་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་པ་མ་ཟད། རྐང་ཐང་མར་འགྲོ་བར་དེ་བས་བདེ་འཇགས་ལྡན་པར་གྱུར་ནས་ཉེ་འགྲམ་མང་ཚོགས་ཀྱི་འགྲོ་ལམ་ཤར་གཏོང་ཐད་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།