ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཁྲིམས་སྐྱོང་གི་ཞབས་འདེགས་གནད་སྨིན་ཞུས་པ།
ཉིན་ཤས་གོང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ(ཟངས་རི་དུམ་བུ)འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱ་ཆེད། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས“སྲིད་ཇུས་དྲིལ་བསྒྲགས་དང་། འགལ་བ་སེལ་བ། དགོས་མཁོ་འདྲི་བའི”བྱ་ཐབས་གསུམ་དམ་འཛིན་བྱ་གཞིར་བྱས་ཤིང་། རྣམ་གྲངས་ཀྱི་འཐབ་ས་མདུན་མར་ཁྲིམས་སྐྱོང་ཞབས་འདེགས་གནད་སྨིན་ཞུས་ནས་ལས་གྲྭ་འཛུགས་སྐྲུན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད།
ཁྲིམས་སྐྱོང་དྲིལ་བསྒྲགས་ཐད་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཆེད་དོན་ཞབས་ཞུའི་ཚན་ཁག་སྒྲིག་འཛུགས་བྱས་ཏེ། གན་རྒྱར་མིང་རྟགས་འགོད་པ་དང་། ངལ་རྩོལ་ལས་མི་སྤྱོད་པ་སོགས་ཐོན་སླ་བའི་རྩོད་གཞིའི་ལྷུ་ཚིགས་ལ་དམིགས་ཏེ། ས་གནས་ས་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་། གྱོད་དཔེ་སྒྲོག་འགྲེལ་བྱེད་པ། ཁྲིམས་ལུགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས《དམངས་དོན་ཁྲིམས་གཞུང》དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་རྣམ་གྲངས་འཛུགས་སྐྲུན་པར་ཁྱབ་གདལ་བཏང་ཞིང་། མིག་སྔའི་བར། ཞིང་པ་ལས་མི་མི་ཐེངས་500ལྷག་ཙམ་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་4བྱས་པར་དྲིལ་བསྒྲགས་དཔྱད་ཡིག་300ལྷག་ཙམ་སྤྲད་ནས་ལས་གྲྭ་འཛུགས་སྐྲུན་ལ་སྲུང་རགས་བརྟན་པོ་ཞིག་བསྐྲུན་ཡོད།
ལས་གྲྭ་འཛུགས་སྐྲུན་བྱེད་རིང་ཐོན་པའི་འགལ་བ་དང་རྩོད་གཞིར་དམིགས་ནས། ཁྲིམས་ཁང་གིས་སྐབས་བསྟུན་གྱིས་འགལ་བ་གྲལ་བཤེར་བྱེད་པའི་ལམ་སྲོལ་བཟོས་ཤིང་། ཉེ་ཆར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་ཁག་4གྲལ་བཤེར་དང་ཐག་གཅོད་འོས་འཚམ་བྱས་པ་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་230ལྷག་ཙམ་ཟིན་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད།