ཆབ་མདོ་དཔལ་འབར་རྫོང་གིས།
སྒོར་ཁྲི་285ཟིན་པའི་གློག་འཕྲིན་ཁ་བསླུས་ཤིག་བཀག་འགོག་བྱས་པ།
ཉེ་ཆར་དཔལ་འབར་རྫོང་སྤྱི་བདེ་ཅུས་ཀྱིས་གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་285ཟིན་པའི་གློག་འཕྲིན་ཁ་བསླུས་ཤིག་བཀག་འགོག་ནུས་ལྡན་བྱས་པ་རེད།
ཐུའུ་ཆེ་གེ་མོས་ཕྱིར་དྲན་བྱས་ནས་བརྗོད་དོན། ཟླ་6ཚེས་3ཉིན། ང་ལ“འཁྱུག་དབྱིངས་ཀྱི་གཞུང་ཕྱོགས་ཞབས་ཞུ་བ”ཡིན་ཟེར་མཁན་ཞིག་གི་ཁ་པར་འབྱོར་བྱུང་། མི་དེས་ངའི་འཁྱུག་དབྱིངས་ཀྱི་ཨང་རྟགས་དེ“ཐད་གཏོང་གི་རྒྱུག་འབོར་རོགས་སྐྱོར་འཆར་གཞིའི”ཐོབ་ཐང་དང་མཐུན་པས་མཐོ་རིམ་ཐད་གཏོང་བྱེད་ནུས་རིན་པ་མི་དགོས་པར་སྤྱོད་ཆོག དེ་བེད་སྤྱོད་མ་བྱས་གོང་སྔོན་ལ“ཁག་ཐེག་དངུལ”སྤྲོད་དགོས་པའི་རེ་བ་འདོན་གྱི་འདུག ཐད་གཏོང་གི་ཕན་འབྲས་ཚད་གཞི་ལོན་རྗེས་དངུལ་ཆ་ཚང་ཕྱིར་སློག་བྱ་རྒྱུ་མ་ཟད། ད་དུང་ལས་སྟེགས་ཀྱི་བྱ་དགའ་འཕར་མ་ཐོབ་ཀྱི་རེད་ཅེས་བཤད་བྱུང་། ངས་མི་དེས་དྲན་སྐུལ་བྱས་པ་ལྟར་བཀོལ་སྤྱོད་བྱེད་སྐབས། མི་དེས་ང་ལ་ཁོ་ཚོར་དངུལ་སྤྲོད་པའི་གསང་བའི་ཨང་གྲངས་ཤོད་མི་དགོས་པའི་དྲན་སྐུལ་ཐེངས་མང་བྱས་བྱུང་། འོན་ཀྱང་གློ་བུར་དུ་ཁ་པར་གྱི་བརྙན་ཤེལ་ནག་པོར་གྱུར་སོང་། སྐབས་འདིར་ང་བློ་བདེ་པོ་མ་བྱུང་བས་ལམ་སེང་དཔལ་འབར་རྫོང་སྤྱི་བདེ་ཅུས་ཀྱི་ཁ་བསླུས་འགོག་རྒོལ་ལྟེ་གནས་ལ་ཉེས་དོན་སྙན་སེང་ཞུས་པ་ཡིན། ཉེས་དོན་སྙན་སེང་འབྱོར་རྗེས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ཉེན་རྟོག་པས་འཕྲལ་དུ་བྱ་སྤྱོད་སྤེལ་ཞིང་། བརྟག་དཔྱད་བྱས་པ་བརྒྱུད། ཕ་རོལ་པོ་ནི་ཕྱི་རྒྱལ་དུ་ཡོད་པའི་ཁ་བསླུས་རྒྱག་མཁན་དེ་འདྲ་ཡིན་པ་རེད། མི་དམངས་ཉེན་རྟོག་པ་ཐུའུ་ཆེ་གེ་མོའི་ཁྱིམ་དུ་འབྱོར་སྐབས་ཕ་རོལ་པོས་ཐུའུ་ཆེ་གེ་མོའི་ལག་ཐོགས་ཁ་པར་ཚོད་འཛིན་བྱས་ཡོད་པ་དང་། དུས་བཀག་བཅོལ་དངུལ་དང་དངུལ་དོན་དོ་དམ་ཐོན་རྫས་སོགས་དུས་བཀག་བཟོས་པ་ནས་དུས་གང་རུང་ལ་བསྒྱུར་འདོན་བྱེད་ཆོག་པ་བཟོས་ཏེ་དངུལ་བསྒྱུར་རྩིས་བྱེད་པ་ཤེས་རྟོགས་བྱུང་། དེས་ན་ཉེན་རྟོག་པས་འཕྲལ་མར་ཛ་དྲག་དངུལ་སྤྲོད་མཚམས་འཇོག་ལམ་སྲོལ་ལག་བསྟར་བྱས་ནས། དངུལ་ཁང་དང་འཕྲིན་གཏོང་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་སྐར་མ་30ཙམ་གྱི་ནང་ཚུན་ལ་གྱོད་དོན་དང་འབྲེལ་བ་ཡོད་པའི་རྩིས་ཁྲར་ཞིབ་འཇུག་དང་བརྡར་གཅོད་བྱེད་པ་དང་དངུལ་སྤྲོད་མཚམས་འཇོག་བཀའ་བརྡ་འབེབ་པ་སོགས་ཀྱི་བརྒྱུད་རིམ་ལེགས་སྒྲུབ་བྱས་ཏེ། གྱོད་འབྲེལ་དངུལ་སྒོར་ཁྲི་285བདེ་བླག་ངང་བཀག་འགོག་བྱས་པ་རེད།