རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱིས།
དམངས་ཆེད་ཁྲིམས་འཛིན་ལས་སྒྲུབ་ཧུར་ཐག་བྱས་པ།
འདི་ནི་རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་ཚོམས་ཆེན་ཡིན་པ།
▶ “གལ་ཏེ་ཁྱེད་རང་དང་ད་ལྟའི་ལས་ཀ་བྱེད་སའི་ལས་ཁུངས་བར་ངལ་རྩོལ་འབྲེལ་བའི་རྩོད་གཞི་ཡོད་ཚེ། ས་གནས་དེ་གའི་ངལ་རྩོལ་རྩོད་གཞི་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་ངལ་རྩོལ་འདུམ་གཅོད་རེ་ཞུ་བྱས་ནས་ངལ་རྩོལ་འབྲེལ་བ་ཁ་གསལ་བཟོ་ཆོག”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12348ནི་ཕྱོགས་སྟོན་འཁོར་ལོ་ཞིག་དང་འདྲ་བར་དཀའ་ངལ་འཕྲད་བཞིན་པའི་མང་ཚོགས་ལ་ཁ་ཕྱོགས་སྟོན་གྱི་ཡོད།
▶ ཟླ་5ཚེས་16ཉིན་ཐད་སྦྲེལ་ཁ་པར་གྱི་ལས་རེས་ཁྲིམས་རྩོད་པ་ཚེ་རིང་ཆོས་དཀར་གྱིས་ངང་རྒྱུད་རིང་པོས་ཐད་སྦྲེལ་ཁ་པར་ནས་བློ་འདྲི་བྱེད་མཁན་ལ་ལན་རྒྱག་བཞིན་འདུག གསར་འགོད་པས་ཁོང་ལ་བློ་འདྲི་བྱེད་མཁན་ལ་ངང་རྒྱུད་རིང་པོས་ལན་རྒྱག་སྐབས་རྙོག་དྲ་ཚ་པོ་མི་འདུག་གམ་ཞེས་འདྲི་སྐབས། ཚེ་རིང་ཆོས་དཀར་གྱིས་ངོ་ཚ་སྨིན་པོས“དགོས་མཁོ་ཡོད་པའི་མིར་རོགས་རམ་བྱེད་པ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ནི་ང་ཚོ་ཁྲིམས་རྩོད་པས་བྱེད་དགོས་ངེས་ཀྱི་ལས་ཀ་ཞིག་རེད”ཅེས་བཤད།
ཐད་སྦྲེལ་ཁ་པར་ནི་རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས(གཤམ་དུ“ལྟེ་གནས”ཞེས་བསྡུ་རྒྱུ)ཀྱིས་ཁྲིམས་ཀྱི་རོགས་སྐྱོར་མཁོ་བའི་མང་ཚོགས་ལ་རིན་མི་དགོས་པར་མཁོ་འདོན་བྱས་པའི་ཁ་པར་གྱི་ཞབས་ཞུ་ཞིག་ཡིན་པ་དང་། གཞན་ཡང་ད་དུང་དངོས་ཚན་གྱི་ཞབས་ཞུའི་ཚོམས་ཆེན་དང་དྲ་རྒྱའི་12348ཀྲུང་གོའི་བོད་ལྗོངས་ཁྲིམས་ལུགས་དྲ་བ(གཤམ་དུ“བོད་ལྗོངས་ཁྲིམས་ལུགས་དྲ་བ”ཞེས་བསྡུ་རྒྱུ)ཡང་ཡོད།
2021ལོའི་ཟླ་4པར་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱས་ཚུན། ཞབས་ཞུའི་ཚོམས་ཆེན་དང་། 12348སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར། 12348ཀྲུང་གོའི་བོད་ལྗོངས་ཁྲིམས་ལུགས་དྲ་བ་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་འདུས་པ་ལས་མཉམ་འགུལ་དམ་ཟབ་ཀྱི་བཅའ་ཁྲིམས་ཞབས་ཞུའི་གཡུལ་ས་ཆགས་ནས་དེ་གར་རོགས་སྐྱོར་རེ་ཞུ་བྱེད་པར་ཡོང་མཁན་ལ་རིན་མི་དགོས་པར་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་གི་ཡོད།
2024ལོའི་ཟླ་12པ་ནས་བཟུང་། ཞབས་ཞུའི་ཚོམས་ཆེན་གྱི་ངལ་གསོའི་དུས་ཚོད་ལ་སླར་ཡང་འགྱུར་ལྡོག་བཏང་བ་སྟེ། ཉིན་གུང་གི་ངལ་གསོའི་དུས་ཚོད་མེད་པར་བཟོས་ནས་ལས་ཀའི་ཉིན་མོར་ཆུ་ཚོད་10:00ནས་18:00བར་རྒྱུན་གཏན་བཞིན་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། དེ་གར་ཚེ་རིང་ཆོས་དཀར་དང་འདྲ་བའི་ལས་དོན་པས་ཉིན་གང་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་དྲང་གཞག་དྲང་བདེན་གྱི་འོད་ཟེར་རོགས་རམ་མཁོ་བའི་མང་ཚོགས་ཀྱི་སེམས་ལ་འཕྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ཉིན་ཤས་གོང་གཞིས་རྩེའི་དྲ་ཐོག་ཚོང་དོན་གྱི་ལས་གཏོད་པ་ཞིག་གིས་བོད་ལྗོངས་ཁྲིམས་ལུགས་དྲ་བར་ཚོང་རྟགས་ཐོ་འགོད་ཀྱི་གཞུང་དཔང་རེ་ཞུ་ཕུལ་བར་ལས་ཀའི་ཉིན་གསུམ་ནང་ཚུན་དུ་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་ཚར་བ་དང་གཞུང་དཔང་ཡིག་ཆ་བཏོན་ཟིན་པས། ཕན་ནུས་ཆེ་ཞིང་སྟབས་བདེའི་ཞབས་ཞུ་དེ་ལྟ་བུ་ལོངས་སྤྱོད་ཐུབ་པ་ལས་ཁོང་གིས“ཁྱིམ་ནས་མ་ཐོན་པར་འགྲོ་ལུགས་ཡག་པོ་བཟོ་ཐུབ་ཀྱི་འདུག་པས་བོད་ལྗོངས་ཁྲིམས་ལུགས་དྲ་རྒྱས་བཅའ་ཁྲིམས་ཞབས་ཞུ་དངོས་གནས་ཡག་པོ་སྒྲུབ་ཀྱི་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།
བོད་ལྗོངས་ཁྲིམས་ལུགས་དྲ་བ་ཁ་ཕྱེ་ན། “ཁྲིམས་རྩོད་པ་འཚོལ”“ཁྲིམས་ཀྱི་ཕྱག་རོགས་ཞུ”“འདུམ་གཅོད་མཁོ”སོགས་མིག་ལམ་དུ་མངོན་ཞིང་། དྲ་བའི་འཆར་ངོས་སུ་བོད་རྒྱ་སྐད་གཉིས་ལམ་ནས་ཞབས་ཞུ་ཡངབཀོད་སྒྲིག་བྱས་ཡོད་པས། བཅའ་ཁྲིམས་ཞབས་ཞུའི་ཁྲོད་ཀྱི་ས་ཁོངས་དང་སྐད་ཡིག་གི་བཀག་རྒྱ་བསལ་ཡོད་པ་རེད།
མང་ཚོགས་ཀྱིས་དྲ་ཐོག་ནས་བཅའ་ཁྲིམས་བློ་འདྲི་བྱེད་ཐུབ་པ་མ་ཟད། ངལ་རྩོལ་གྱི་ཁེ་དབང་དང་གཉེན་སྒྲིག་ཁྱིམ་ཚང་སོགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་དུས་ཐོག་ཏུ་ལྟ་ཀློག་བྱེད་ཐུབ། ལས་སྟེགས་སུ་ཆེད་མངགས“རིག་ནུས་ལན་འདེབས”གསར་སྤེལ་བྱས་པ་དང་། གྲངས་གཞི་ཆེན་པོ་དང་བཅའ་ཁྲིམས་ཤེས་བྱའི་དཔེ་རིས་ལ་བརྟེན་ནས་རྒྱུན་མཐོང་གི་བཅའ་ཁྲིམས་ཀྱི་དྲི་བ་80%ཡན་ལ་བརྡ་ལན་མགྱོགས་མྱུར་སྤྲོད་ཐུབ། རྙོག་འཛིང་ཆེ་བའི་བློ་འདྲིའི་ཐད་ཆེད་ལས་ཁྲིམས་རྩོད་ཚོགས་པས་ཆུ་ཚོད་24ཡི་ནང་ཚུན་ལ་དྲིས་ལན་ཁ་གསལ་པོ་འདེབས་ཀྱི་ཡོད།
2019ལོར་གཉེར་སྐྱོང་བྱས་པ་ནས་བཟུང་། བོད་ལྗོངས་ཁྲིམས་ལུགས་དྲ་བར་ལྟ་ཚད་ཐེངས་ཁྲི་15ལས་བརྒལ་ནས་མང་ཚོགས་ཀྱིས་དྲ་ཐོག་ནས་བཅའ་ཁྲིམས་ཞབས་ཞུ་དང་ལེན་བྱེད་སའི་ཐབས་ལམ་གལ་ཆེན་གྱི་གྲས་སུ་གྱུར་ཡོད།