ཁྱེད་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཤེས་སམ།
བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།
བུད་མེད་ལ་བཙན་གཡེམ་ཕོག་ཚེ་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་དགོས་སམ།
ལན། བཙན་གཡེམ་བྱེད་མཁན་གནས་སའི་ཚན་པར་ཐེར་འདོན་བྱེད་པ་དང་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་གྱི་བྱ་སྤྱོད་ལས་འགལ་རིགས་ལ་སྲིད་འཛིན་གྱི་ཆད་པ་གཅོད་པ་དང་ཉེས་གསོག་གྲུབ་རིགས་ལ་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་དང་། ཐད་ཀར་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་དགོས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་ཞུ་སྦྱོར་བྱས་ནས་རོགས་རམ་བྱ་རྒྱུའི་རེ་ཞུ་བྱེད་དགོས། བཙན་གཡེམ་ཕོག་པའི་བུད་མེད་ཀྱིས་ངེས་པར་དུ་དཔང་རྟགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཕ་རོལ་པོས་འདོད་སྲེད་བརྙས་གཙེར་བྱེད་སྤྱོད་སྤེལ་བ་ར་སྤྲོད་ཐུབ་པའི་དཔང་རྟགས་ཡོད་ཚད་འཚོལ་བསྡུ་བྱེད་དགོས་པའི་ནང་། དཔང་ཚིག་དང་། ཡིག་ཐོག་གི་དཔྱད་ཡིག སྒྲ་འཇུག ཁ་པར་ནང་གི་ཆ་འཕྲིན་སོགས་ཚུད་ཡོད།
གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་ལུགས་མ་གཉེར་བར་བཟའ་ཚོའི་མིང་ཐོག་ནས་མཉམ་དུ་འཚོ་བ་བསྐྱལ་ན་བཅའ་ཁྲིམས་ཀྱི་མཇུག་འབྲས་གང་ཐོན་ནམ།
ལན། ཕྱོགས་གཉིས་པོ་གཉེན་སྒྲིག་གམ་ཡང་ན་ཁྱོ་ཤུག་བསྐྱར་སྒྲིག་བྱས་ནས་གཉེན་སྒྲིག་གི་ཐོ་འགོད་འགྲོ་ལུགས་མ་གཉེར་བར་བཟའ་ཚོའི་མིང་ཐོག་ནས་མཉམ་དུ་འཚོ་བ་བསྐྱལ་བ་དང་། ཕྱོགས་གཅིག་གིས“བཟའ་ཚང་ཁ་འབྲལ་རྒྱུའི”ཞུ་གཏུག་བརྒྱབ་ཚེ། དེ་ནི་ཁྲིམས་དང་མ་མཐུན་པར་མཉམ་དུ་བསྡད་པའི་འབྲེལ་བ་ཡིན་པས་ཕྱོགས་གཉིས་པོའི་དོ་བདག་གིས་གཤམ་གསལ་གྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་འཁུར་དགོས་པ་སྟེ།
(1)བཅའ་ཁྲིམས་ནང་ཁོང་ཚོའི་འབྲེལ་བ་ནི་ཁྲིམས་དང་མ་མཐུན་པར་མཉམ་དུ་བསྡད་པའི་འབྲེལ་བ་ཡིན་པས་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་མི་བྱེད་པའི་ངོས་འཛིན་བྱེད་པ་དང་།
(2)ཁྲིམས་མཐུན་གྱི་གཉེན་སྒྲིག་འབྲེལ་བ་མིན་པས། ཕན་ཚུན་དབར་ཕ་རོལ་པོའི་ཤུལ་བཞག་རྒྱུན་འཛིན་བྱེད་པའི་དབང་ཆ་མེད་པ།
(3)ཁྲིམས་མཐུན་གྱི་གཉེན་སྒྲིག་འབྲེལ་བ་མིན་པ་མ་ཟད། ཕན་ཚུན་དབར་འཚོ་སྐྱོང་གི་འོས་འགན་ཡང་མེད་པ་དང་ཁྲིམས་དང་མ་མཐུན་པར་མཉམ་དུ་སྡོད་རིང་བྱུང་བའི་བུ་ཕྲུག་ནི་གཉེན་སྒྲིག་བྱས་ནས་བྱུང་བའི་བུ་ཕྲུག་མིན་པ།
(4)ཕྱིས་སུ་ཕྱོགས་གཉིས་མཉམ་དུ་འཚོ་བ་སྐྱེལ་ཐབས་བྲལ་ནས་གྲོས་མཐུན་གཅིག་མཐུན་བྱུང་རྗེས་ཁ་བྲལ་བ་ནི་རང་མོས་ངང་ཁ་བྲལ་བ་ཞིག་ཡིན་པ་ལས་གྲོས་མཐུན་བཞག་ནས་བཟའ་ཚང་ཁ་བྲལ་བ་ཞིག་མིན་སྟབས། སྲིད་འཛིན་གྱི་བཟའ་ཚང་ཁ་བྲལ་བའི་འགྲོ་ལུགས་གཉེར་མི་ཐུབ་པ་དང་། གལ་ཏེ་གྲོས་མཐུན་གཅིག་མཐུན་མ་བྱུང་བར་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་བཟའ་ཚང་ཁ་འབྲལ་རྒྱུའི་ཞུ་གཏུག་བརྒྱབ་ཚེ། མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀྱི་ཁྲིམས་དང་མི་མཐུན་པར་མཉམ་དུ་བསྡད་པའི་འབྲེལ་བ་མེད་པ་བཟོ་བ་ལས་བཟའ་ཚང་ཁ་བྲལ་བའི་ཁྲུན་ཐག་གཅོད་མི་རུང་།
བུད་མེད་ལ་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་རྗེས་གང་འདྲ་བྱེད་དགོས་སམ།
ལན། (1)གྲོང་ཚོའི་འདུམ་འགྲིག་རྩ་འཛུགས་དང་བུད་མེད་རྩ་འཛུགས་བཙལ་ནས་གཏུམ་སྤྱོད་སྤེལ་མཁན་ལ་སློབ་གསོ་དང་ཁ་ཏ་བསླབ་བྱ་བྱེད་རོགས་ཞུ་བ་དང་གྲོང་རྡལ་དང་གྲོང་ཁྱེར་གྱི་བུད་མེད་རྩ་འཛུགས་ལ་གནས་ཚུལ་ཞུས་ཏེ་རོགས་རམ་ཐོབ་ཐབས་བྱེད་དགོས།
(2)གལ་ཏེ་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་ནས་རང་སྲུང་བྱེད་མི་ཐུབ་ཚེ། སྐད་ཤུགས་ཆེན་པོས་སྐྱོབ་རོགས་ཞེས་འབོད་པ་དང་འབྲེལ་110ལ་ཁ་པར་རྒྱག་པའམ་ཡང་ན་མངགས་གཏོང་ཁང་ལ་ཞུས་ཏེ། ཉེན་རྟོག་པས《བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག》གཞིར་བཟུང་གཏུམ་སྤྱོད་སྤེལ་མཁན་ལ་ཆད་པ་གཅོད་དུ་བཅུག་པ་དང་དེ་འབྲེལ་ཟིན་བྲིས་ཉར་ཚགས་བྱེད་རྒྱུའི་རེ་བ་འདོན་དགོས།
(3)གལ་ཏེ་ཉེས་རྡུང་བཏང་ནས་རྨས་སྐྱོན་ཕོག་ན་མགྱོགས་མྱུར་སྨན་ཁང་དུ་བསྐྱོད་ནས་བརྟག་དཔྱད་བྱས་ཏེ་སྨན་པར་རྨས་སྐྱོན་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་འབྲི་རིགས་ཞུ་དགོས་པ་མ་ཟད། རྨ་ཁར་པར་གསལ་པོ་བརྒྱབ་ནས་ཉར་ཚགས་ཡག་པོ་བྱེད་དགོས། གལ་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་ན་ཉེས་རྡུང་གཏོང་མཁན་ལ་བཅའ་ཁྲིམས་ཀྱི་ཆད་པ་གཅོད་དུ་འཇུག་པའམ་ཡང་ན་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་རྨ་ཁའི་གནས་ཚུལ་དབྱེ་འབྱེད་བྱེད་དུ་བཅུག་ནས་དཔང་རྟགས་སུ་ཉར་དགོས།
(4)རྟག་ཏུ་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་ན་བཟའ་ཚང་དང་ཁ་འབྲལ་ཆོག་པ་དང་ཉེས་རྡུང་བཏང་བའི་གནས་ཚུལ་ཁ་འབྲལ་བའི་དཔང་རྟགས་སུ་བྱེད་ཆོག 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་46ཡི་ནང“ཁྱིམ་ཚང་གི་གཏུམ་སྤྱོད་དབང་གིས་ཁ་འབྲལ་དགོས་བྱུང་རིགས་ལ་གཏུམ་སྤྱོད་ཕོག་མཁན་གྱིས་སྐྱིན་གསབ་འཇལ་རྒྱུའི་རེ་ཞུ་འདོན་དབང་ཡོད”ཅེས་འཁོད་པ་ལྟར་ཁྲིམས་ཁང་ལ་རང་ཉིད་ཀྱི་རེ་བ་འདོན་དབང་ཡོད།
(5)《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་23ནང“ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའམ་ཡང་ན་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་ཉེན་ཡོད་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་རེ་ཞུ་བྱེད་རིགས་ལ། མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས”ཞེས་འཁོད་པ་ལྟར་མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་རེ་ཞུ་བྱེད་དགོས།
གཏུམ་སྤྱོད་ཕོག་སྐབས་བུད་མེད་ཀྱིས་ཉེས་རྡུང་གཟེད་ནས་སྡོད་རྒྱུ་མེད་ལ། མི་གཞན་ལ་ངོ་ཚ་བའམ་སྡུག་གྱོང་རེད་སྙམ་པ་སོགས་ཀྱི་བསམ་བློའི་འཁྱེར་སོ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་ཏེ། བསམ་བློ་དེ་རིགས་ཀྱིས་བུད་མེད་ཚོས་ཁྱིམ་ཚང་གི་གཏུམ་སྤྱོད་འགོག་རྒོལ་བྱེད་པ་དང་རོགས་སྐྱོབ་ཞུ་བར་འགོག་རྐྱེན་བཟོ་སྲིད། བུད་མེད་ཚོས་གཏུམ་སྤྱོད་ལ་སེམས་གཏིང་ནས་འགོག་རྒོལ་བྱས་ཚེ། གཞི་ནས་རང་ཉིད་ཀྱི་མི་ལུས་སྲུང་སྐྱོང་ཐུབ་པ་མ་ཟད། གཞན་གྱི་རོགས་རམ་ཡང་ཐོབ་ཐུབ།
སློབ་གྲྭའི་བཙན་གཡེམ་སྔོན་འགོག་དང་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
ལན། སློབ་གྲྭའི་བཙན་གཡེམ་གྱོད་གཞིས་གནོད་འཚེ་ཕོག་མཁན་ལ་ཕོག་ཐུག་ཧ་ཅང་ཆེན་པོ་བཏང་བ་མ་ཟད། ཡང་ཡང་ཐོན་གྱི་ཡོད་པས། ན་སོ་དར་ལ་མ་བབས་པའི་མི་ཞིག་ཡིན་པའི་ངོས་ནས་སེམས་ལ་བརྟན་པོར་ངེས་དགོས་པ་སྟེ། ས་རུབ་རྗེས་སློབ་གྲྭའི་ནང་ཁེར་རྐྱང་དུ་སྡོད་མི་རུང་བ་དང་། དགེ་རྒན་དང་ལས་བཟོ་ཕོ་ཧྲེང་གི་ཉལ་ཁང་དུ་ཁེར་རྐྱང་ལ་སྐད་བཏང་བའམ་ཡང་ན་ཁེར་རྐྱང་དུ་སློབ་ཚན་གསབ་ཁྲིད་བྱེད་རིགས་ངེས་པར་དུ་དང་ལེན་བྱེད་མི་རུང་། གལ་ཏེ་དགེ་རྒན་ནམ་ཡང་ན་མི་གཞན་གྱིས་རང་ཉིད་ཀྱི་ཚོར་བ་སྐྱེན་སར་ལག་པ་འཆང་ཚེ། ངེས་པར་དུ་འགོག་རྒོལ་བྱེད་དགོས་པ་མ་ཟད། འཕྲལ་མ་ཉིད་དུ་ཕ་མར་ཤོད་དགོས། བློ་ཁོག་ཆུང་དྲག་ནས་མི་གཞན་ལ་ཤོད་མ་ཕོད་ཚེ་བཙན་གཡེམ་བྱེད་མཁན་གྱ་ཡན་དུ་གཏོང་སྲིད། གལ་ཏེ་སློབ་གྲྭར་བཙན་གཡེམ་ཕོག་ཚེ། ངེས་པར་དུ་སྤྱི་བདེ་ལས་ཁུངས་ལ་འཕྲལ་མར་སྙན་སེང་ཞུ་དགོས། དུས་ཚོད་རིང་པོ་ཕྱིན་ན་དཔང་རྟགས་མེད་པར་གྱུར་སྲིད། ཁོང་ཁྲོ་ལངས་ཀྱང་བཟོད་སྒོམ་བྱས་ནས་བསྡད་ན་གནོད་འཚེ་གཏོང་མཁན་གྱིས་གནོད་འཚེ་དེ་བས་ཆེ་བ་བཟོ་བའམ་ཡང་ན་མི་དེ་བས་མང་བར་གནོད་འཚེ་གཏོང་སྲིད།
ཕ་མས་ན་སོ་དར་ལ་མ་བབས་པའི་ཕྲུ་གུ་གསོ་སྐྱོང་ མ་བྱས་ན་ཇི་ལྟར་བྱེད་དགོས་སམ།
ལན། ཕ་མ་ནི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་བཀོད་ལྟ་སྐྱོང་པ་ཡིན་པས། ལྟ་སྐྱོང་པས་ལྟ་སྐྱོང་བྱ་ཡུལ་གསོ་སྐྱོང་དང་ལྟ་སྐྱོང་བྱེད་པའི་འོས་འགན་ཡོད། གལ་ཏེ། ལྟ་སྐྱོང་པས་གསོ་སྐྱོང་མི་བྱེད་པ་སྟེ། དཔེར་ན་ཁྱིམ་ནས་ཕྱིར་ཕུད་དེ་གྱོན་ཆས་དང་ཟས་རིགས་མི་སྤྲོད་པ་དང་། ནད་ཕོག་ཀྱང་སྨན་བཅོས་མི་བྱེད་པ། ཕྲུ་གུ་ཆ་རྒྱུས་མེད་སར་བསྐྱུར་བ་སོགས་བྱེད་པ་ནི་ཕྲུ་གུ་དབྱུགས་སྐྱུར་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། དབྱུགས་སྐྱུར་ནི་ཁྲིམས་འགལ་གྱི་བྱེད་སྤྱོད་ཅིག་ཡིན་པ་དང་། ངོ་བོ་ངན་པའི་དབྱུགས་སྐྱུར་གྱི་བྱེད་སྤྱོད་ནི་ཉེས་གསོག་ཡིན་པས། བཅའ་ཁྲིམས་ཀྱི་ཆད་པ་གཅོད་དགོས། ཕ་མས་བསྐྱུར་བའི་གནས་ཚུལ་འཕྲད་ཚེ། གྲོང་ལྷན་ནམ་ཡང་ན་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་རོགས་རམ་བྱ་རྒྱུའི་རེ་ཞུ་བྱེད་ཆོག་ལ། ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཡང་ཞུ་ཆོག
བྱེད་སྤྱོད་གང་དག་ནི་ཁྱིམ་ཚང་གི་གཏུམ་སྤྱོད་ཡིན་ནམ།
ལན། ཁྱིམ་ཚང་གི་གཏུམ་སྤྱོད་ནི་སྤྱིར་བཏང་དོན་སྙིང་ཐོག་གི་ཉེས་རྡུང་གཏོང་བ་དང་། བསྡམས་བཀྱིགས་བྱེད་པ། གནོད་འཚེ་གཏོང་བ། མི་ལུས་རང་དབང་ལ་ཚོད་འཛིན་བཟོས་པ་སོགས་ཀྱི་བྱེད་སྤྱོད་ཙམ་མ་ཡིན་པར། གཤེ་གཤེ་ཡང་སེ་གཏོང་བ་དང་། ཞེད་སྣང་སྐུལ་བ། མ་ཉེས་ཁག་གཡོགས་བྱེད་པ། འཇིགས་སྣང་སྐུལ་བ། རྗེས་འདེད་གཏོང་བ་སོགས་བསམ་བློའི་ཐོག་གི་གཏུམ་སྤྱོད་དང་། བཙན་ཤེད་བཏང་བ་སོགས་ཀྱི་བརྙས་བཅོས་ཀྱང་ཁྱིམ་ཚང་གི་གཏུམ་སྤྱོད་ཁོངས་སུ་གཏོགས། དེ་མིན་གྱི་གནས་ཚུལ་གཞན་དཔེར་ན། དཔལ་འབྱོར་ཚོད་འཛིན་དང་། ལྟོགས་བཀག་གཏོང་བ། རྐང་བཙུགས་ནས་སློབ་གསོ་ཐོབ་དབང་འཕྲོག་པ་སོགས་ཀྱི་བྱེད་སྤྱོད་ཀྱང་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཁོངས་སུ་ཚུད་ཡོད།