བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས།
དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།
2025ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཟླ་བ”ཐེངས་ལྔ་པ་དེ་ཡིན་ཞིང་། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་གཞི་རྟེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། 《དམངས་དོན་ཁྲིམས་གཞུང》མང་ཚོགས་ཀྱི་ཉེ་འགྲམ་དུ་ཁྱབ་སྤེལ་དང་རྒྱུན་གཏན་གྱི་འཚོ་བར་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ཞིང་། ནུས་ཤུགས་ཡོད་རྒུས་ཁྲིམས་ལུགས་སློབ་སྦྱོང་དང་ཁྱབ་གདལ་གྱི་རྣམ་པ་ཟབ་མོ་བཏོད་དེ་མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད།
བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་ཐང་ཆེན་དང་གཅིག་སྡུད་ཁྲོམ་བཀྱག་ཆུང་ངུ་སོགས་མི་སྣ་འདུ་འཛོམས་ཆེ་སར་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་སྟེགས་དང་ཁྲིམས་ལུགས་བློ་འདྲིའི་ས་ཚིགས་བཙུགས་པ་དང་། དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་སྦྱར་བ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ལ་བརྟེན་ནས་མང་ཚོགས་ལ《དམངས་དོན་ཁྲིམས་གཞུང》ནང་གི་གཉེན་སྒྲིག་དང་ཁྱིམ་ཚང་དང་། རྒྱུ་ནོར་ཤུལ་འཛིན། དམངས་ཁྲོད་བུན་གཡར། དབང་གནོད་འགན་འཁྲི་སོགས་སྤྱི་ཚོགས་ཐོག་གླེང་མང་བའི་ནང་དོན་ལ་གསལ་འགྲེལ་བརྒྱབ་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ངོ་ཐུག་གདོང་འཕྲད་ཀྱིས་ལན་བཏབ་པ་རེད།
བསྡོམས་རྩིས་ལྟར་ན། བྱེད་སྒོ་སྤེལ་ཚུན། སྤྱི་ཁྱབ་ས་ཚིགས་རིམ་པ་ཁག་གིས་རིམ་རྩིས་བརྒྱབ་ན་གཅིག་སྡུད་སྒྲོག་འགྲེལ་ཐེངས་200ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། དྲིལ་བསྒྲགས་ཤོག་བྱང་ཁྲི་3ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་བརྡ་ཁྱབ་1500ལྷག་ཙམ་སྦྱར་བ། མང་ཚོགས་ཀྱི་བློ་འདྲི་ཐེངས་1000ལྷག་ཙམ་ལ་ལན་བཏབ་པ། སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་3ལྷག་ཙམ་ཟིན་པ་བཅས་བྱུང་བར་བརྟེན། ཡུལ་མི་མང་ཚོགས་ཀྱི་ཁྲིམས་སྐྱོང་བྱང་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་ཡོད།