སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་ཁོར་ཡུག་བཏོད་པ།
—— རང་ལྗོངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་སེལ་བའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྐབས་དང་པོ་སྤེལ་བ།
འདི་ནི་མི་དམངས་ཉེན་རྟོག་པས་བོད་ལྗོངས་སློབ་ཆེན་གྱི་སློབ་མར་དྲ་རྒྱའི་ཁྲིམས་འགལ་ཆ་འཕྲིན་ཐེར་འདོན་བྱེད་པའི་ཐབས་ལམ་དང་བརྒྱུད་རིམ་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་ངོ་སྤྲོད་བྱེད་བཞིན་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་བོད་ལྗོངས་སློབ་ཆེན་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག ལྷ་ས་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག ཁྲེང་ཀོན་ཆུས་ཨུད་དྲ་འཕྲིན་གཞུང་ལས་ཁང་བཅས་དང་མཉམ་དུ“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས“བདེན་དོན་སྤྲིན་སྟེགས་སུ་སྤེལ། དཀྲོག་གཏམ་འབྱུང་རྩ་ནས་སེལ”ཞེས་པའི་བོད་ཀྱི་དྲ་རྒྱའི་དཀྲོག་གཏམ་སེལ་བའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྐབས་དང་པོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། དྲང་ནུས་ལྡན་པའི་དྲ་གྲགས། གཙོ་སྐྱོང་བ་སོགས་དྲ་རྒྱར་ཞུགས་འདོད་ཆེ་བའི་མི་སྣ་10གདན་དྲངས་ཏེ་སྐབས་དང་པོའི“དྲ་རྒྱའི་སྤྱོད་གཙང་ཕོ་ཉའི”འགན་འཁུར་དུ་བཅུག་པ་མ་ཟད། “བོད་ལྗོངས་ཐེར་འདོན”གྱི་ལས་སྟེགས་སུ་དྲ་ཐོག་ཏུ་དྲིས་ལན་བཏབ་པ་འགྲིག་ན་བྱ་དགའ་སྤྲོད་པའི་ནང་གསེས་བཀོད་སྒྲིག་བྱས་པ་དང་། བོད་ཀྱི་དཀྲོག་གཏམ་སེལ་བའི་དྲིལ་བསྒྲགས་ཀྱི་གསར་རྩོམ་IPཡི་གཟུགས་བརྙན་ཏེ“བདེན་དོན་གྱི་གཡག་གུ་ནོར་ནོར”ཡོངས་བསྒྲགས་བྱས་པ་རེད།
བོད་ཀྱི་དྲ་རྒྱའི་དཀྲོག་གཏམ་སེལ་བའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྐབས་དང་པོ་བོད་ལྗོངས་སློབ་ཆེན་དུ་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་དྲ་སྦྲེལ་གྱི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་གི་ལས་དོན་པས་སློབ་མར་དཀྲོག་གཏམ་སྐོར་གྱི་ཤེས་བྱའི་འཆད་ཁྲིད་བྱས་ཏེ་དྲ་རྒྱའི་དཀྲོག་གཏམ་གྱི་རྒྱུན་མཐོང་རྣམ་པར་གསལ་བཤད་དང་། དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ། དྲ་རྒྱའི་ཁྲིམས་འགལ་ཆ་འཕྲིན་ཐེར་འདོན་གྱི་ཐབས་ལམ་དང་བརྒྱུད་རིམ་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་ངོ་སྤྲོད་བྱས་པ་རེད།
ལྷ་ས་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཉེར་འགན་འཁུར་བའི“གནད་དོན་ངོ་མ་ཐོ་འགོད་བྱ་ཡུལ”གྱི་བྱེད་སྒོ་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། བྱེད་སྒོའི་རིང་སྒྲོག་འགྲེལ་དང་། མཉམ་འགུལ་ལན་འདེབས། འགྲན་སློང་རོལ་རྩེད་ཆུང་གྲས་སོགས་ཀྱི་བྱ་ཐབས་སྤྱད་དེ་སྤེལ་བ་དང་། གོ་བདེ་ཤེས་སླ་དང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་རྣམ་པའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཚོར་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པའི་གནོད་འཚེ་བཅས་བརྗོད་དེ་མང་ཚོགས་ཀྱིས་དཀྲོག་གཏམ་ཤེས་རྟོགས་དང་དཀྲོག་གཏམ་དབྱེ་འབྱེད་ཐུབ་པར་ཁྲིད་སྟོན་བྱེད་པ་དང་། གྲོང་མི་ཚོར་ཐག་ཉེ་ས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོས་བདེ་འཇགས་ངང་དྲ་བར་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད།
ད་རེས་ཀྱི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོར་དྲ་ཐོག་ཏུ་དྲ་དམངས་མི་ཐེངས་ཁྲི་10ལྷག་ཙམ་གྱི་དོ་ཁུར་ཐོབ་པ་དང་། རིམ་རྩིས་བརྒྱབ་ན་དྲ་ཐོག་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲགས་ཤོག་ལྷེ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དྲན་རྟེན་དངོས་རྫས། བཅའ་ཁྲིམས་སློབ་སྦྱོང་གི་ལན་འདེབས་ཤོག་ཆག་སོགས་2000ལྷག་ཙམ་སྤྲད་ཡོད།