དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲིམས་འཛིན་པུས་གསར་དུ་བཟོ་བཅོས་བརྒྱབ་པའི《བཅའ་ཁྲིམས་རོགས་སྐྱོར་གྱི་ཞུ་གཏུག་ཐག་གཅོད་བྱ་ཐབས》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-06-24

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་ཞུ་གཏུག་ཐག་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཁྲིམས་འཛིན་པུས་གསར་དུ་བཟོ་བཅོས་བརྒྱབ་པའི《བཅའ་ཁྲིམས་རོགས་སྐྱོར་གྱི་ཞུ་གཏུག་ཐག་གཅོད་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། 2025ལོའི་ཟླ་6ཚེས་15ཉིན་ནས་དངོས་སུ་ལག་ལེན་བསྟར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བཟོ་བཅོས་བརྒྱབ་པའི་བྱ་ཐབས་དེར་ཁྱོན་ལེའུ་ལྔ་དང་དོན་ཚན་32ཡོད། མང་ཚོགས་ཀྱིས་ཞུ་གཏུག་རྒྱག་པར་སྔར་བས་སྟབས་བདེ་སྐྲུན་པ་དང་ཞུ་གཏུག་རྒྱག་ལམ་གེགས་མེད་བདེ་བགྲོད་ཐུབ་ཆེད། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་ཞུ་གཏུག་རྒྱག་སའི་ས་མིང་དང་། ཁ་པར། བརྙན་སྐྱེལ། གློག་རྡུལ་ཡིག་སྒམ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་དང་། སྣེ་ལེན་ཞུ་མཁན་ཆེད་དོན་མི་སྣ་དམིགས་འཛུགས་བྱེད་དགོས་པ། ཞུ་གཏུག་རྒྱག་མཁན་གྱི་རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་འགོག་རྐྱེན་མེད་པའི་ཞབས་འདེགས་ཞུ་དགོས་པ། མང་ཚོགས་ཀྱིས་ཡིག་ཐོག་དང་། ངག་རྒྱུན། ཡང་ན་འོས་འཚམ་གྱི་གོ་རིམ་གཞན་དག་བཅས་བརྒྱུད་ཞུ་གཏུག་རྒྱག་པར་སྟབས་བདེ་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། ཞུ་གཏུག་རྒྱག་མཁན་གྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་ཆ་ཚང་པོ་མེད་པའི་རིགས་ཡིན་ཕྱིན། ཞུ་གཏུག་ཐག་གཅོད་ལས་ཁུངས་ཀྱིས་ཞུ་གཏུག་རྒྱག་མཁན་ལ་ཁ་གསབ་བརྒྱབ་ནས་མཁོ་འདོན་བྱེད་དགོས་པའི་ཆ་འཕྲིན་དང་དུས་བཀག་ཐེངས་གཅིག་ལ་ཤོད་དགོས།

    གཞན་ཡང་། བྱ་ཐབས་ནང་བཅའ་ཁྲིམས་རོགས་སྐྱོར་གྱི་ཞུ་གཏུག་བདག་སྤྲོད་དང་། བརྟག་དཔྱད། ཐག་གཅོད། ཚུར་ལན་བཅས་ཀྱི་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་ཞིང་། གནས་ཚུལ་བརྟག་དཔྱད་དང་ཞིབ་དཔྱད་བྱེད་སྐབས་ཞུ་གཏུག་ཐག་གཅོད་ལས་ཁུངས་ཀྱིས་རིམ་པ་འོག་མའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་བཅའ་ཁྲིམས་རོགས་སྐྱོར་མི་སྣ་གནས་སའི་ལས་རིགས་མཐུན་ཚོགས་སོགས་ཚན་པར་བརྟག་དཔྱད་ལ་གཞོགས་འདེགས་བྱ་རྒྱུའི་མངགས་བཅོལ་བྱས་ཏེ། ཤེས་རྟོགས་བྱུང་བའི་གནས་ཚུལ་ཕྱོགས་ཡོངས་དང་། དོན་དངོས་དང་མཐུན་པ། དྲང་གཞག་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག་ཞུ་གཏུག་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་ཆེད། ཞུ་གཏུག་རྒྱག་དོན་གཅིག་མཚུངས་ཡིན་པ་དང་ཞུ་གཏུག་རྒྱག་མཁན་གྱིས་ཞུ་གཏུག་ཐེངས་མང་བརྒྱབ་པའི་རིགས། བྱ་ཐབས་ནང་ཞུ་གཏུག་ཐག་གཅོད་ལས་ཁུངས་ཀྱིས་ཟླ་སྒྲིལ་བཏང་ནས་ཐག་གཅོད་བྱས་ཆོག་པའི་གཏན་འཁེལ་ཁ་གསལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།