བགྲང་བྱ་སོ་གཅིག་རོགས་སྐྱོར་བྱས། ཞིབ་དཔྱོད་བོད་སྐྱོར་འབྲས་བཟང་སྨིན།
ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་ནས་ཁང་དེའི་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་པའི་པའེ་པིང་ལི་འཕྲད་བྱུང་། ཁོང་ནི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མངགས་པའི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་གྲས་ཤིག་རེད།
“བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བསམ་བློར་ཞུན་བརྡར་གཏོང་བ་དང་། ཆབ་སྲིད་ཀྱི་སྦྱོང་བརྡར་སྤྲོས་པ། ལག་ལེན་གྱི་སྦྱོང་བརྡར་གཏོང་བ་བཅས་གཞི་གཅིག་ཏུ་འདུས་པའི་བོད་སྐྱོར་ལས་དོན་ཁྲོད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ། བོད་དུ་ཡོད་པའི་ལས་བྱེད་པ་དང་མཉམ་དུ་བོད་ཀྱི་ཞིབ་དཔྱོད་བྱ་གཞག་ཡག་པོ་སྒྲུབ་དགོས”ཞེས་ཁོང་གིས་མྱོང་ཚོར་ཟབ་མོས་དེ་ལྟར་བརྗོད།
1994ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ཡོད། 1995ལོ་ནས་བཟུང་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17དང་། ཀྲུང་དབྱང་ཁེ་ལས་17 ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་70ལྷག་ཙམ་བཅས་ཀྱིས་སྔ་རྗེས་སུ་ལས་བྱེད་པ་དང་ཤེས་ལྡན་པ་ཁྱོན་བསྡོམས་མི་ཆིག་ཁྲི་ལྷག་ཙམ་ཁག་ཐེངས་བཅུ་ལ་བགོས་ནས་བོད་དུ་ལས་དོན་སྒྲུབ་པར་བཏང་བ་རེད།
ཞིབ་དཔྱོད་ལས་ཁུངས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྤྱིར་བཏང་མིན་པའི་བགྲང་བྱ་31འདས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་འདོམས་བཀོད་སྒྲིག་འོག རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས“མིག་མངས་འགྲིག་སྐོར་གཅིག”གི་འདུ་ཤེས་ཟབ་ཏུ་བཏང་བ་དང་ལས་སྒོའི་རྐང་འཛིན་པ་1061བོད་དུ“བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་སྤེལ་བར་མངགས་ཡོད།
2024ལོའི་ཟླ་11ཚེས་15ཉིན། རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་མཚམས་སུ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། 2025ལོ་ནས་2027ལོའི་བར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་ལ་བཀོད་སྒྲིག་བྱས་ཡོད།
ད་ལོ་ཚུན་དུ་ཞིང་ཆེན་དང་གྲོང་ཁྱེར་22ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་སྒོའི་རྐང་འཛིན་པ་88བོད་དུ་ལས་དོན་སྒྲུབ་པར་མངགས་རྩིས་ཡོད་ཅིང་། མིག་སྔར་ལས་སྒོའི་རྐང་འཛིན་པ་54བོད་ཀྱི་ཞིབ་དཔྱོད་ཀྱི་འཐབ་ས་དང་པོར་བསྐྱོད་ཡོད།
གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོའི་གཟི་བརྗིད་ཐོབ་མཁན། རྒྱལ་ཡོངས་ཀྱི་ཕུལ་བྱུང་གཞུང་གཏུག་པ་བཅས་མཚོན་བྱེད་དུ་བྱས་པའི་སྔོན་ཐོན་མི་སྒེར་ཁག་གཅིག་ཐོན་ནས། བོད་ཀྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བོད་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
“ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཞིབ་དཔྱོད་ཀྱི་ཁ་གཏད་བོད་སྐྱོར་དེ་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ནང་རང་འགུལ་ངང་མཉམ་འདྲེས་ཀྱིས་གནད་སྨིན་བོད་སྐྱོར་དང་། བརྒྱུད་རིམ་ལྡན་པའི་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“གྱོད་གཞི་ཚང་མ་སྤུས་ལེགས་ཕན་ཆེའི་ངང་སྒྲུབ་པའི”ནུས་པ་ཆེ་རུ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་གི་ཡིན”ཞེས་པའེ་པིང་ལི་ཡིས་བཤད་པ་དང་། ཁོང་གི་ངོས་ནས་བརྗོད་ན། ཞིབ་དཔྱོད་ལས་ཁུངས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གཙོ་གནད་ནི་ལས་སྒོ་དང་། གཞི་རྩ་ནི་དཔུང་ཁག འགག་རྩ་ནི་གཞི་རིམ་བཅས་ཡིན་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མི་སྣའི་སྒྲིག་ཁོངས་དང་། རང་བྱུང་ཆ་རྐྱེན། ས་ཁམས་གནས་ཡུལ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། བོད་རང་སྐྱོང་ལྗོངས་སུ་མེད་པའི་ཞིབ་དཔྱོད་ཁང་82ཚང་མར་སོ་སོའི་ཁྱད་ཆོས་ཡོད་པ་དང་། ཁ་གཏད་རོགས་སྐྱོར་ཐད“ལྡེ་མིག་གཅིག་གིས་སྒོ་ལྕགས་གཅིག་ཕྱེ་རྒྱུ”མཐའ་འཁྱོངས་ཀྱིས་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་ནས“ཁང་རེར་ཐབས་ཇུས་རེའི”རོགས་སྐྱོར་བྱེད་སྟངས་གཙོ་གནད་ཐོག་ཁྱབ་གདལ་བཏང་ཡོད།
དེའི་ཐད་བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་བོད་སྐྱོར་རྐང་འཛིན་པ་གཙོ་བོར་བྱེད་པའི“གཅིག་འཐུས་རྣམ་པའི”རོགས་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས། ས་གནས་ས་ཐོག་ཏུ་དཔྱད་ཞིབ་དང་། ས་གནས་ས་ཐོག་ཏུ་མཛུབ་ཁྲིད། གྱོད་དོན་ཞིབ་འཇུག གྱོད་དོན་མཉམ་དཔྱད་སོགས་ཀྱི་བྱ་ཐབས་བརྒྱུད་དམིགས་སའི་རང་བཞིན་ལྡན་པའི་ངང་མཛུབ་ཁྲིད་བྱས་ཏེ་གཞི་རིམ་ཞིབ་དཔྱོད་པའི་གྱོད་སྒྲུབ་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་དང་ནུས་པ་ཆེ་རུ་བཏང་ཡོད།
ཞིབ་དཔྱོད་ལས་སྒོའི་རྐང་འཛིན་པ་1061གིས“བརྒྱུད་རོགས་ཁྲིད་གསུམ”གྱི་བྱེད་ཐབས་ལ་བརྟེན་ནས་གངས་ལྗོངས་ས་མཐོར་དྲང་གཞག་དྲང་བདེན་ཡོང་བར་བྱས་ཏེ་ཞིབ་དཔྱོད་ལས་ཁུངས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་པ་སྟེ། རི་ཀླུང་ས་ཐག་རྒྱང་ཡང་ཁྲིམས་སྐྱོང་རྩ་བར་འཛིན་པ་དེ་རེད། “ཁང་རེར་ཐབས་ཇུས་རེའི”གནད་སྨིན་བྱ་ཐབས་ལ་བརྟེན་ནས་གངས་ལྗོངས་ཀྱི“ཁྲིམས་སྐྱོང་གི་ཞིང་ས་གཤིན་པོར”རེ་བའི་འབྲས་བཟང་སྨིན་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་མཆིས།