རང་ལྗོངས་ཀྱིས་ཏང་སྲིད་ལས་ཁུངས་ཀྱི་དམིགས་བཙུགས་ཚོགས་ཁང་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ་བཏོན་པ།
དམིཌ་བཙུགས་ཚོགས་ཁང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་བཏང་ནས། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་ཀྱི་བླང་བྱ་དོན་འཁྱོལ་དེ་བས་ཡག་པོ་བྱེད་པར་སྐུལ་འདེད་གཏོང་ཆེད། ནོར་སྲིད་པུའི《ཏང་སྲིད་ལས་ཁུངས་ཀྱི་དམིགས་བཙུགས་ཚོགས་ཁང་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཉེ་ཆར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་དམིགས་བཙུགས་ཚོགས་ཁང་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《ཞིབ་སྲོལ》ནང་དམིགས་བཙུགས་ཚོགས་ཁང་གི་གཏན་འཁེལ་རྩ་དོན་དང་། འགྲོ་གྲོན་ཚད་གཞི། འགྱུར་ལྡོག་ལེགས་སྒྲིག ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་བླང་བྱ་ཁ་གསལ་བཏོན་ནས། ཚོགས་འདུའི་འགྲོ་སོང་གྲོན་ཆུང་བྱེད་པ་དང་། ཚོགས་འདུའི་མ་གནས་ཚོད་འཛིན་ནན་པོ་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་བྱེད་པའི་ཕྱོགས་སྟོན་གསལ་པོ་བཟོས་ཡོད། 《ཞིབ་སྲོལ》ནང་བླང་བྱ་བཏོན་དོན། ནང་ཁུལ་གྱི་ཚོགས་ཁང་ལ་འཚོགས་པའི་ཚོགས་འདུ་ཕུད། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་འཚོགས་པའི་ཚོགས་འདུ་ཚང་མ་དམིགས་བཙུགས་ཚོགས་ཁང་ལ་འཚོག་དགོས་པ་དང་འབྲེལ། གཅིག་གྱུར་གྱི་གྲོས་མཐུན་རིན་གོང་ལག་ལེན་བསྟར་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《གྲོན་ཆུང་བསྲི་ཚགས་བྱེད་པ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ཏང་སྲིད་ལས་ཁུངས་ཀྱི་སྲོལ་ཡིག》གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། གྲོང་ཁྱེར(ས་ཁུལ)ཁག་གི་ནོར་སྲིད་སྡེ་ཚན་ལ་ཏང་སྲིད་ལས་ཁུངས་ཀྱི་ཚོགས་ཁང་དམིགས་བཙུགས་བྱེད་སྐབས། རྩ་དོན་ཐོག་གཞུང་དོན་གཱ་དང་ལེན་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་ལ་བརྩི་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། དམིགས་བཙུགས་ཚོགས་ཁང་གི་སྲིད་གཞུང་གི་ཉོ་སྒྲུབ་གོང་བཅད་མཐོ་ཤོས་དེ་གྲོང་ཁྱེར(ས་ཁུལ)ཁག་གི་ཚོགས་འདུའི་འགྲོ་གྲོན་གྱི་འབྲེལ་ཡོད་དོ་དམ་བྱ་ཐབས་ནང་གཏན་འཁེལ་བྱས་པའི་འགྲོ་གྲོན་ཚད་གཞི་ལས་མཐོ་མི་རུང་། ཟས་གྲོན་མི་རེར་ཉིན་རེ་གཞིར་བཟུང་ཚད་གཞི་གཏན་འཁེལ་བྱེད་དགོས་པ་དང་འབྲེལ་ལྟོ་དུས་གཅིག་བར་ཁ་གསལ་བཟོ་དགོས། ཚོགས་འདུ་འཚོག་མི་ཆོག་པའི་བཀག་སྡོམ་བཀའ་ཁྱབ་བསྒྲགས་བྱས་པའི་མཛེས་ལྗོངས་གྲགས་ཅན་ཁུལ་ནང་གི་མགྲོན་ཁང་དང་གསོལ་མགྲོན་ཁང་ཉོ་སྒྲུབ་ཁྱབ་ཁོངས་སུ་འཇུག་མི་ཆོག
《ཞིབ་སྲོལ》ནང་གཏན་འབེབས་བྱས་དོན། སྒོ་དབྱེ་རྣམ་པའི་སྒྲོམ་གཞིའི་གྲོས་མཐུན་སྤྱད་དེ་ཉོ་སྒྲུབ་བྱེད་པར་སྐུལ་ལྕག་བྱེད་དགོས། གྲོང་ཁྱེར(ས་ཁུལ)ཁག་གི་ནོར་སྲིད་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་གྱི་ཉོ་སྒྲུབ་བྱ་ཐབས་སྟབས་བསྟུན་གྱིས་འདེམས་ཆོག དམིགས་བཙུགས་ཚོགས་ཁང་གི་ཉོ་སྒྲུབ་གྲོས་མཐུན་གྱི་དུས་ཡུན་ལོ་གཉིས་ཡིན་པ་དང་། དུས་ཚོད་ཐིམ་རྗེས་ཡང་བསྐྱར་འོས་སྐུལ་རྒྱག་པའམ་ཡང་ན་ཞིབ་དཔྱད་བྱས་ནས་མུ་མཐུད་གྲོས་མཐུན་བཞག་སྟེ། ཡུན་རིང་མགོ་སྦྲེལ་ལས་བྱུང་བའི་སྤུས་ཚད་དང་རིན་གོང་མི་འཚམ་པའི་གནད་དོན་མི་ཐོན་པར་བྱེད་དགོས།
《ཞིབ་སྲོལ》ནང་གཏན་འབེབས་བྱས་དོན། ཏང་སྲིད་ལས་ཁུངས་ཀྱི་དམིགས་བཙུགས་ཚོགས་ཁང་གི་དོ་དམ་ཆ་འཕྲིན་མ་ལག་གཞིར་བཟུང་། དམིགས་བཙུགས་ཚོགས་ཁང་གི་གློག་རྡུལ་བསྡོམས་རྩིས་འཛིན་ཡིག་པར་རྒྱག་དགོས་དང་། བཙོངས་འཛིན་ཇི་མ་ཇི་བཞིན་སྤྲོད་དགོད་པ་མ་ཟད། ཐོག་མའི་འགྲོ་གྲོན་གསལ་ཞིབ་འཛིན་ཡིག་དེ་རྩིས་ཞུ་དཔང་འཛིན་ལ་མཁོ་འདོན་བྱེད་དགོས། 《ཞིབ་སྲོལ》ནང་གཏན་འབེབས་བྱས་དོན། གྲོང་ཁྱེར(ས་ཁུལ)ཁག་གི་ནོར་སྲིད་སྡེ་ཚན་གྱིས་དམིགས་བཙུགས་ཚོགས་ཁང་ལྗོངས་ཡོངས་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོན་ཁུངས་མཉམ་སྤྱོད་བྱས་ནས། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་ཚོགས་འདུ་འཚོག་རིང་མཉམ་དུ་སྤྱོད་དགོས་པ་དང་། དམིགས་བཙུགས་ཚོགས་ཁང་གི་དཀར་ཆག་དང་སྲིད་གཞུང་གི་ཉོ་སྒྲུབ་གྲོས་མཐུན་གྱི་རིན་གོང་ལག་ལེན་བསྟར་དགོས།