གངས་རི་འཁྱགས་ཀླུང་གིས་ཁྱེད་ཀྱི་འཚར་ལོངས་ལ་བདེན་དཔང་བྱེད།
མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དབྱང་ཚུང་གི་མཐའ་སྲུང་གཏམ་རྒྱུད།
དབྱང་ཚུང་ནི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པ་ཞིག་རེད། ཁོང་གིས་ལོ་བཅུ་གཅིག་གི་ལང་ཚོ་དྲོན་མོ་དུས་རབས་གསར་པའི་མཐའ་སྲུང་བའི་བྱ་གཞག་ལ་སྐྱེས་སུ་ཕུལ་ཡོད།
2014ལོར། དབྱང་ཚུང་ཀྲུང་གོ་གཏེར་ལས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཡིག་ཚད་གཏོང་མི་དགོས་པར་ཞིབ་འཇུག་སློབ་མ་འགྲིམ་ཆོག་པའི་འོས་མངག་གི་ཐོབ་ཐང་དང་གྲོང་ཨུད་རྩ་འཛུགས་པུའི་གཞུང་ལས་པའི་ལས་གནས་བློས་བཏང་ནས། རང་འགུལ་ངང་ས་ཐག་རིང་བའི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་འགྲོ་རྒྱུའི་རེ་འདུན་ཞུས།
སྤུ་ཧྲེང་དུ་ཐོག་མར་སླེབས་སྐབས། ཁོང་མཐའ་མཚམས་མངགས་གཏོང་ཁང་དུ་ལས་བགོས་བརྒྱབ། གྲོང་ཚོ་དང་དུད་ཚང་དུ་རྟོག་ཞིབ་ལ་སྐྱོད་པའི་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཁོང་གིས་རྒྱལ་མཚམས་ཀྱི་རྡོ་རིང་སྟེང་གི“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་པོ་ཉི་འོད་འོག་འོད་ལམ་ལམ་འཚེར་བཞིན་པ་ཐོག་མར་མཐོང་། སྐབས་དེར“ཁྱིམ་ཚང་དང་རྒྱལ་ཁབ”ཅེས་པའི་ཡིག་འབྲུ་གཉིས་པོས་ཁོང་གི་ཡིད་ངོར་བག་ཆགས་ཟབ་མོ་བཞག དེ་རྗེས་ཁོང་གིས་ཁོངས་གཏོགས་ཁུལ་གྱི་སྤྱི་ལེ་ངོས་གྲུ་900ཡི་ས་ཆ་རྡོག་པས་མནན་ཏེ། བཅའ་སྡོད་ཁུལ་གནས་སའི་འཁོར་ཆགས་གྲོང་ཚོའི་དུད་ཚང་154ཡི་མང་ཚོགས་690ཡི་གཞི་རྩའི་གནས་ཚུལ་རྡོ་བརྐོས་རི་མོ་བཞིན་སེམས་ལ་བཀོད་པས། ཁོང་ནི་ཚང་མས་རྒྱུན་དུ་འབོད་པའི“ས་བཀྲ་གསོན་པོ”ཞིག་ཏུ་གྱུར།
ཐེངས་ཤིག་ཁོང་ཡུལ་མི་རིག་འཛིན་དངོས་གྲུབ་ཀྱི་ཁྱིམ་དུ་སྐྱོད་སྐབས། བགྲེས་སོང་གི་ཐེམ་ཐོའི་ཡི་གེ་གསལ་པོ་མེད་པའི་དབང་གིས་དངུལ་བུན་གཡར་ཐབས་བྲལ་ཏེ་སེམས་ཁྲལ་བྱེད་པ་མཐོང་། ཁོང་གིས་དེ་འཕྲལ་ལས་དུས་འཕར་མ་བྱས་ནས་བགྲེས་སོང་ལ་དུས་ཐོག་ཏུ་ཐེམ་ཐོ་གསར་པ་བརྗེས་པ་མ་ཟད། རིམ་གྱིས་གྲོང་ཚོ་ཡོངས་ཀྱི་ཐེམ་ཐེ་ཚང་མ་གསར་པར་བརྗེས་པ་རེད། སྒོ་རྩར་བསྐྱོད་ནས་ཐོབ་ཐང་ལག་ཁྱེར་བཟོ་བ་དང་། མི་ཧྲེང་རྒན་རྒོན་ལ་འགྲོ་ལུགས་གཉེར་རོགས་བྱེད་པ། ཐོལ་བྱུང་གི་ནད་གཞི་ཕོག་པའི་འབྲོག་པར་རོགས་པ་བྱེད་པ་སོགས་ཁོང་གིས་མང་ཚོགས་ཀྱི་སླད་དུ་དོན་དངོས་རེ་རེ་བཞིན་བསྒྲུབས་པར། དལ་གྱིས་ཁོང་ནི་མང་ཚོགས་ཚོར་དོན་དག་འཕྲད་སྐབས་ངེས་པར་དུ་འཚོལ་སའི“སྙིང་ཉེ་བར”གྱུར།
2022ལོར། དབྱང་ཚུང་གིས་བློ་ཁོག་ཆེན་པོས་སི་ཁྲོན་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་མཐའ་མཚམས་རིག་པའི་རབ་འབྱམས་པའི་སློབ་གནས་འགྲིམ་རྒྱུའི་སེམས་ཐག་བཅད། སློབ་ཚན་ཐོག་ཁོང་གིས་རྟག་ཏུ“མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མཐའ་སྲུང་གི་སྲིད་ཇུས་སྒྲོག་འགྲེལ་ནང་མཉམ་འདྲེས་ཇི་ལྟར་བྱེད་མིན”དང“ཇི་ལྟར་བྱས་ན་མཐའ་སྲུང་སྲིད་ཇུས་ལས་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་མིན”སོགས་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་དྲི་བ་འདོན་གྱི་ཡོད། ལོ་གསུམ་རིང་། ཁོང་གིས་ཞིབ་འཇུག་པ་གཙོ་བོའམ་ཞིབ་འཇུག་པའི་མིང་ཐོག་ནས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་དཔྱོད་དོན་ནང་ཐེངས་མང་ཞུགས་པར། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སོགས་ཐོབ་པར་མ་ཟད། ད་དུང་སི་ཁྲོན་སློབ་ཆེན་གྱི་གཞོན་ནུའི་གཙོ་ཁྲིད་དགེ་རྒན་ཚོགས་པའི་གཙོ་ཁྲིད་དགེ་རྒན་དུ་གདན་ཞུ་བྱས་ཡོད།
སློབ་གྲྭ་ནས་ཐོན་སྐབས། འབུམ་རམས་པའི་སློབ་གནས་འགྲིམ་རྒྱུའི་གདན་ཞུ་རག་ཀྱང་། ཁོང་གིས་ཐེ་ཚོམ་མེད་པར་སླར་ཡང་མངའ་རིས་སུ་ལོག སློབ་དཔོན་གྱིས་ཁོང་ལ། “ཁོང་གི་སེམས་ལ་བཅངས་པ་ནི་མཐའ་མཚམས་ཀྱི་མང་ཚོགས་རེད”ཅེས་གདེང་འཇོག་བྱས། “ཞའོ་དབྱང”ནས“ཉེན་རྟོག་དཔོན་དབྱང་ཚུང”བར། ཁོང་ལ་
སྔ་རྗེས་སུ“རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་བ”དང“མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཁག་10ལྷག་ཙམ་ཐོབ་པ་དང་། བྱས་རྗེས་རིམ་པ་གསུམ་པ་ཐེངས་1དང་གཟེངས་བསྟོད་ཐེངས་5རག་ཡོད།