དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ན་སོ་དར་ལ་མ་བབས་པའི་མི“སྲུང་སྐྱོང་གི་སྲུང་བཅད”བརྟན་དུ་གཏོང་བ།

    བཙན་སྐུལ་སྙན་སེང་ལམ་ལུགས་ལ་དམིགས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-17

    འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་བྱེད་སྒོར་ཞུགས་མཁན་ལ་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་རིང་ཞིབ་དཔྱོད་ལས་ཁུངས་ལ་ཐོབ་པའི་གྲུབ་འབྲས་བརྗོད་བཞིན་པ།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུས་མཉམ་དུ་གཉེར་བའི“མཉམ་དུ་གཅེས་སྐྱོང་བྱེད། མཉམ་དུ་འབྱུང་འགྱུར་སྲུང”ཞེས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྨན་དོན་པ་བཅས་ཀྱི་འཐུས་མི་ཚོར་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞིའི་བཙན་སྐུལ་སྙན་སེང་ལམ་ལུགས(གཤམ་དུ“བཙན་སྐུལ་སྙན་སེང་ལམ་ལུགས”ཞེས་བསྡུ་རྒྱུ)ཀྱི་དོན་སྙིང་འགྲེལ་བཤད་བརྒྱབ་ཡོད།

    གང་འདྲ་ཞིག་ལ“བཙན་སྐུལ་སྙན་སེང་ལམ་ལུགས”ཟེར་རམ། རྒྱལ་ཁབ་ལས་ཁུངས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་སྤྱི་དོན་དབང་ཆ་ལག་བསྟར་གྱི་དབང་ཆ་སྤྲད་པའི་རིགས་ཁག་གི་རྩ་འཛུགས་དང་བཅའ་ཁྲིམས་ནང་གཏན་འབེབས་ཀྱི་གཞུང་དོན་སྒྲུབ་མཁན་གྱིས་ན་སོ་དར་ལ་མ་བབས་པའི་མིའི་ལས་རིགས་དང་འབྲེལ་བ་ཟབ་པའི་རིགས་ཁག་གི་རྩ་འཛུགས་དང་དེ་བཞིན་དེའི་ལས་ཞུགས་པས་ལས་དོན་སྒྲུབ་སྐབས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འགལ་གྱི་གནོད་འཚེ་ཕོག་པའམ་ཡང་ན་གནོད་འཚེ་ཕོག་པའི་དོགས་གཞི་ཡོད་པ་དང་དེ་བཞིན་ཁྲིམས་འགལ་གྱི་གནོད་འཚེའི་ཉེན་ཁ་འཕྲད་པ་ཤེས་རྟོགས་བྱུང་རིགས་འཕྲལ་དུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་བའམ་ཡང་ན་ཐེར་འདོན་བྱེད་པར་ཟེར།

    སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་པ་ནི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་དྲ་བ་དམ་ཚགས་སུ་གཏོང་བའི་འགག་རྩ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་བཙན་སྐུལ་སྙན་སེང་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་གྱིས་མཉམ་ཤུགས་ཆགས་པར་བྱས་ནས་གནོད་འཚེ་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་ལྟར་དུས་ཐོག་ཏུ་ཉེས་ཆད་བཅད་ཡོད།

    བྱེད་སྒོ་སྤེལ་རིང་ཞིབ་དཔྱོད་དཔོན་གྱིས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་རིང་ཐོབ་པའི་གྲུབ་འབྲས་བརྗོད་པ་དང་ཆབས་ཅིག་བཙན་སྐུལ་སྙན་སེང་ལམ་ལུགས་དོན་འཁྱོལ་བྱེད་པའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་ཀྱང་བཏང་ནས་བཙན་སྐུལ་སྙན་སེང་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་དང་། སྤྱོད་རྒྱུར་འཚམ་པའི་གནས་ཚུལ། སྙན་སེང་བྱེད་པོ། སྙན་སེང་ཞུ་སྟངས་བཅས་ངོ་སྤྲོད་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་དང་གཙོ་བཅོས་སྨན་པ་ཕུར་བུ་སྒྲོལ་མས“དེ་གོང་ང་ཚོས་གཞོགས་འདེགས་གང་ལེགས་བྱས་ནས་བཙན་སྐུལ་སྙན་སེང་ལམ་ལུགས་འགོ་འཛུགས་པའི་ལས་དོན་སྤེལ་ཡོད། བྱེད་སྒོ་དེ་སྤེལ་བ་ལས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ང་ཚོ་ཚང་མས་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཀྱི་ཡོད། དེས་ན་སླད་ཕྱིན་ངས་སྨན་པ་ཞིག་གི་འགན་འཁྲི་དེ་བས་ལེགས་པར་ཁུར་ནས་ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇཌ་སྲུང་བའི‘མདུན་ཕྱོགས་ཀྱི་སོ་དམག’ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།