སྤྱི་ཕན་གཏུག་བཤེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
—— གཞིས་རྩེའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ།
2023ལོ་ནས་བཟུང་། གཞིས་རྩེའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ངེས་གནས་འཕྱུགས་མེད་བཙལ་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཁྲོད་འགན་འཁྲི་གཙང་སྒྲུབ་དང་སྒྱུར་བཅོས་གསར་གཏོད་ཁྲོད་དཀའ་གནད་བསལ་ཏེ། སྤྱི་ཕན་གཏུག་བཤེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལ་གཞི་ཚུགས་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཤིང་། སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་1101བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་868ཐོ་འགོད་བྱས་པ། ཞིབ་དཔྱོད་གྲོས་འགོ་ཁག་687བཟོས་ནས་བཀྲམ་པ། དག་ཐེར་གྱི་ལན་སློག་ཚད་100%ཟིན་པ་བཅས་དང་། དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་11བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་10ཐོ་འགོད་བྱས་པ། གྱོད་གཞི་ཁག་6ཞུ་གཏུག་བརྒྱབ་པ་བཅས་རེད།
“གཉིས་ཁེ་དང་། མང་ཁེ། མཉམ་ཕན”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་གཞོགས་འདེགས་བརྩོན་ལེན་བྱས་ཏེ། ཉིང་ཁྲི་དང་། ལྷ་ས། ལྷོ་ཁ་བཅས་ཀྱི་གྲོང་ཁྱེར་ཞིབ་དཔྱོད་ཁང་དང《ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་སྲུང་སྐྱོབ་ཀྱི་མཉམ་ལས་ལམ་སྲོལ》གྱི་གན་རྒྱ་བཞག་པ་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། གྲོང་ཁྱེར་རྩིས་བཤེར་ཅུས། གྲོང་ཁྱེར་ནོར་སྲིད་ཅུས་སོགས་སྡེ་ཚན་13དང《གཞུང་རྒྱུ་ཤོར་བ་བཅོས་སྐྱོང་བྱེད་པའི་སྤྱི་ཕན་གཏུག་བཤེར་རོགས་ལས་གཞོགས་འདེགས་ཀྱི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》གྱི་གན་རྒྱ་བཞག་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་འབྲེལ་གཏུག་ལམ་སྲོལ་ཧུར་ཐག་བཙུགས་ཏེ་ལས་ཀའི་རྣམ་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་དང་། གད་སྙིགས་གཙང་སེལ། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་། ཆུ་འགོ་སྲུང་སྐྱོང་། རྨོ་ཞིང་དང་འདམ་ར་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་འདམ་ར་དང་། འཁྱགས་རོམ། ཉང་ཆུ་གཙང་པོའི་འབབ་རྒྱུད། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད། ཇོ་མོ་གླང་མ། ཁྲུང་ཁྲུང་སྐེ་ནག་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྔ་རྗེས་སུ་སྤེལ་བ་དང་། གྱོད་སྒྲུབ་ལ་སྐུལ་འདེད་བཏང་བ་བརྒྱུད་སྐྱེ་ཁམས་སླར་གསོའི་མ་དངུལ་སྒོར་ཁྲི་350ལྷག་ཙམ་བཏང་བ་དང་། སྔོ་ལྗང་མུའུ་5346གསབ་འཛུགས་བྱས་པ། སྦགས་བཙོག་ཐེབས་པའི་ཆུ་འགོ་11བཅོས་སྐྱོང་དང་སླར་གསོ་བྱས་པ། སྦགས་བཙོག་ཐེབས་པ་དང་ཁྲིམས་འགལ་ངང་བཟུང་སྤྱོད་བྱས་པའི་ཆུ་ཡུར་སྤྱི་ལེ་21.6དང་སྦགས་བཙོག་ཐེབས་པའི་ཆུ་རྒྱུད་མུའུ་25.58གཙང་སེལ་བྱས་པ། འཚོ་བའི་གད་སྙིགས་དང་སྲ་གཟུགས་སྙིགས་རོ་ཏུན་1328ལྷག་ཙམ་གཙང་སེལ་བྱས་པ་བཅས་རེད།
གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་བསམ་གྲུབ་རྩེ་ཆུས་ཆུ་ཤར་སྡེ་ཁུལ་གྱི་ལྗོངས་གཟིགས་སྒང་གི་རིར་འཛེག་སའི་ལྕགས་རིར་ཡུན་རིང་ཉམས་གསོ་དང་དོ་དམ་བྱེད་མཁན་མེད་པའི་གནད་དོན་ལ་དམིགས་ནས། ཞིབ་དཔྱོད་ཀྱི་གྲོས་འགོ་བཟོ་བ་དང་བཀྲམ་པ་བརྒྱུད་སྲིད་འཛིན་ལས་ཁུངས་ལ་སྒོར་ཁྲི་27རི་བའི་གཞུང་ཁོངས་རྒྱུ་ནོར་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། གཞིས་རྩེ་གྲོང་ཁྱེར་ཆུ་མིག་ཤང་བཀྲ་ཤིས་གསོ་སྤེལ་ལས་རིགས་ཞིང་འབྲོག་མཉམ་ལས་ཁང་གིས་གཞུང་ཁོངས་ས་ཆ་ནང་བཤུག་བཏང་བའི་མ་དངུལ་ཆད་པའི་གནད་དོན་ལ་དམིགས་ནས། སྲིད་འཛིན་ལས་ཁུངས་ལ་ས་ཆ་ནང་བཤུག་བཏང་བའི་མ་དངུལ་དང་དེ་བཞིན་སྐྱེད་ཀ་ཁྱོན་སྒོར་ཁྲི་1078.73རྩིས་ལེན་རྒྱུའི་ལྕག་སྐུལ་བྱས་ཡོད། གྲོ་མོ་རྫོང་ཞིབ་དཔྱོད་ཁང་གིས་སྲིད་འཛིན་ལས་ཁུངས་ལ་རྣམ་གྲངས་ཨར་སྐྲུན་ཚན་པའི་ས་ནས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་སྒོར་ཁྲི་155.54ཁྲིམས་ལྟར་བསྡུ་དགོས་པའི་ལྕག་སྐུལ་བྱས་པ་རེད།
རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་གྱོད་གཞི་སྒྲུབ་པ་བརྒྱུད་རིག་གནས་ཤུལ་བཞག་རྒྱ་ཁྱོན་སྨི་ངོས་གྲུ་28630.44ལ་སྲུང་སྐྱོབ་བྱས་པ་དེ་རང་སྐྱོང་ལྗོངས་རིམ་པ་དང་། གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་30དང་འབྲེལ་བ་ཡོད་པ་དང་། སྲུང་སྐྱོབ་སླར་གསོ་བྱས་པའི་རིག་དངོས་11ཡོད། དེའི་ནང་ངམ་རིང་རྫོང་ཞིབ་དཔྱོད་ཁང་གིས་ཁོངས་གཏོགས་ཁུལ་གྱི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་10དང་རྫོང་རིམ་པའི་སྲུང་སྐྱོབ་ཚན་པ་2ལ་བདེ་འཇགས་སྲུང་སྐྱོབ་ཀྱི་བྱེད་ཐབས་ཆ་ཚང་པོ་མེད་པ་དང་གནའ་བོའི་སྐྲུན་དངོས་ཀྱི་གྲུབ་ཆར་གཏོར་བཤིག་ཐེབས་པ་སོགས་ཀྱི་གནད་དོན་ཡོད་པས་སྲིད་འཛིན་ལས་ཁུངས་ལ་མ་དངུལ་སྒོར་ཁྲི་821བཏང་སྟེ་འབྲེལ་ཡོད་རིག་དངོས་ཉམས་གསོ་བྱ་རྒྱུར་ལྕག་སྐུལ་བྱས་པ་རེད།