བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།
དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་པ། ①
2025ལོར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས“དམངས་འཚོར་ཞབས་འདེགས་ཞུ་བ་དང་འཛད་སྤྱོད་ལ་སྲུང་སྐྱོང་བྱེད་པར”བརྟེན་ནས་འཛད་སྤྱོད་ཁྱབ་ཁོངས་སུ་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་ཡོད་པ་དང་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་བཤེར་ཐག་གཅོད་བྱེད་པའི“ལྕཌ་ཀྱི་ཁུ་ཚུར”བྱ་སྤྱོད་སྤེལ་ཞིང་། ཉེ་ལམ་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་བཤེར་ཐག་གཅོད་བྱེད་པའི“ལྕགས་ཀྱི་ཁུ་ཚུར”བྱ་སྤྱོད་ཀྱི་དཔེ་མཚོན་གྱོད་དཔེ་ཁག་དང་པོ་ཡོངས་བསྒྲགས་བྱས་པ་སྟེ།
གཅིག ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྣེ་གདོང་ཆུས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་ཞིག་གིས་མཚོན་རྟགས་དང་ཤོག་བྱང་གཏན་འབེབས་དང་མི་མཐུན་པའི་ཕག་ཤ་སྐམ་པོ་བཙོངས་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།
2024ལོའི་ཟླ་11པར། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཁྲིམས་ལྟར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་ཞིག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། ཚོང་ཁང་དེས་འཚོང་བའི་ཕག་ཤ་སྐམ་པོར་མཚོན་རྟགས་དང་ཤོག་བྱང་གང་ཡང་མེད་པ་ཤེས་རྟོགས་བྱུང་བ་རེད། དོ་བདག་གིས་མཚོན་རྟགས་དང་ཤོག་བྱང་མེད་པའི་ཕག་ཤ་སྐམ་པོ་བཙོངས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་བཞི་པ་དང་རེ་བདུན་པའི་གཏན་འབེབས་ལས་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་ལྔ་པའི་གཏན་འབེབས་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་ཆབས་ཅིག ཁྲིམས་འགལ་གྱི་ཐོབ་ཆ་སྒོར་6974དང་། མཚོན་རྟགས་དང་ཤོག་བྱང་མེད་པའི་ཕག་ཤ་སྐམ་པོ་རྒྱ་མ་190གཞུང་བཞེས་བཏང་བ་མ་ཟད། དངུལ་ཆད་སྒོར་13000གཅོད་རྒྱུའི་སྲིད་འཛིན་ཆད་པ་བཅད་པ་རེད།
གཉིས། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྣེ་གདོང་ཆུས་ཀྱི་ཀུང་སི་ཞིག་གིས་བཟའ་བཅའི་བདེ་འཇགས་ཚད་གཞི་དང་མི་མཐུན་པའི་བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱས་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།
2024ལོའི་ཟླ་10པར། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཀུང་སི་ཞིག་གིས་ཐོན་སྐྱེད་བྱས་པའི་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་འཐེན་བཤེར་བྱས་པར་GB 19298-2014《བཟའ་བཅའི་བདེ་འཇགས་རྒྱལ་ཁབ་ཀྱི་ཚད་གཞིའི་ཐུམ་སྒྲིལ་འཐུང་ཆུའི》བླང་བྱ་དང་མི་མཐུན་པས། དོ་བདག་གིས་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་བཙོངས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་བཞི་པའི་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་བཞི་པའི་གཏན་འབེབས་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་ཆབས་ཅིག ཁྲིམས་འགལ་གྱི་ཐོབ་ཆ་སྒོར་1800གཞུང་བཞེས་དང། དངུལ་ཆད་སྒོར་15000གཅོད་རྒྱུའི་སྲིད་འཛིན་ཆད་པ་བཅད་པ་རེད།
གསུམ། ལྷོ་ཁ་ལྷུན་རྩེ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷུན་རྩེའི་ཟ་ཁང་ཞིག་གིས་ནང་ཁུལ་གྱི་དམིགས་བསལ་མཁོ་སྤྲོད་ཨ་རག་ཉོས་ནས་བཙོངས་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།
2024ལོའི་ཟླ་11པར། ལྷོ་ཁ་ལྷུན་རྩེ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ལ་ལྷུན་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་འབྱོར་ཏེ། གསོལ་མགྲོན་ཁང་ཞིག་གིས་ནང་ཁུལ་གྱི་དམིགས་བསལ་མཁོ་སྤྲོད་ཨ་རག་ཉོས་ནས་བཙོངས་པ་ཤེས་རྟོགས་བྱུང་བ་རེད། དོ་བདག་གིས་ནང་ཁུལ་གྱི་དམིགས་བསལ་མཁོ་སྤྲོད་ཨ་རག་ཉོས་ནས་བཙོངས་པའི་བྱེད་སྤྱོད་དེ་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས(2024ལོའི་ཡིག་ཨང་38པ)《“དམིགས་བསལ་མཁོ་སྤྲོད་ཨ་རག”བཟོ་བ་དང་འཚོང་མི་ཆོག་པའི་སྐོར་གྱི་སྤྱི་བསྒྲགས》ཀྱི་དོན་ཚན་གསུམ་པའི་གཏན་འབེབས་ལས་འགལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་ལྔ་པའི་ནང་གསེས་གཉིས་པའི་གཏན་འབེབས་གཞིར་བཟུང་། ལྷོ་ཁ་ལྷུན་རྩེ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་ཆབས་ཅིག ཁྲིམས་འགལ་གྱི་ཐོབ་ཆ་སྒོར་15000གཞུང་བཞེས་བཏང་བ་དང་། དངུལ་ཆད་སྒོར་6000གཅོད་རྒྱུའི་སྲིད་འཛིན་ཆད་པ་བཅད་པ་རེད།
བཞི། ཆབ་མདོ་འཇོ་མདའ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཇོ་མདའ་རྫོང་གི་སྒོ་རྩིས་ཚོང་ཁང་ཞིག་ནས་དུས་ཚད་ཡོལ་བའི་བཟའ་བཅའ་བཙོངས་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།
2025ལོའི་ཟླ་དང་པོར། ཆབ་མདོ་འཇོ་མདའ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཤང་གྲོང་ཁྲོམ་རའི་མཐའ་འཁོར་དུ་གྲལ་བཤེར་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། འཇོ་མདའ་རྫོང་གི་སྒོ་རྩིས་ཚོང་ཁང་ཞིག་ནས་དུས་ཚད་ཡོལ་བའི་བཟའ་བཅའ་འཚོང་གི་ཡོད་པ་ཤེས། དོ་བདག་གིས་དུས་ཚད་ཡོལ་བའི་བཟའ་བཅའ་འཚོང་བའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་བཞི་པའི་ནང་གསེས་དང་པོའི་ཚན་པ་བཅུ་པའི་གཏན་འབེབས་ལས་འགལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་བཞི་པའི་ཚན་པ་གཉིས་པའི་གཏན་འབེབས་གཞིར་བཟུང་། ཆབ་མདོ་འཇོ་མདའ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་སྒོར་10000གཅོད་རྒྱུའི་སྲིད་འཛིན་ཆད་པའང་བཅད་པ་རེད།
ལྔ། ཆབ་མདོ་སྨར་ཁམས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྒོ་རྩིས་ཚོང་ཁང་ཞིག་ནས་ཐོན་སྐྱེད་དུས་ཚོད་རྫུན་མ་བཀོད་པ་དང་ཚོང་ཟོག་འཐེན་སྐབས་ཞིབ་བཤེར་མ་བྱས་པའི་བཟའ་བཅའ་བཙོངས་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།
2025ལོའི་ཟླ་དང་པོར། ཆབ་མདོ་སྨར་ཁམས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་སྨར་ཁམས་རྫོང་གི་སྒོ་རྩིས་ཚོང་ཁང་ཞིག་ལ་བཟའ་བཅའི་བདེ་འཇཌ་ཀྱི་ཞིབ་བཤེར་བྱེད་སྐབས་སྒོ་རྩིས་ཚོང་ཁང་དེ་ནས་འཚོང་བའི་ཨོའུ་ཡཱ་རྟགས་ཅན་གྱི་འོ་རྩམ་མངར་མོའི(མྱུར་ཞུ)ཐོན་སྐྱེད་དུས་ཚོད་རྫུན་མ་བཀོད་ཡོད་པ་ཤེས། དོ་བདག་གིས་ཐོན་སྐྱེད་དུས་ཚོད་རྫུན་མ་བཀོད་པ་དང་ཚོང་ཟོག་འཐེན་སྐབས་ཞིབ་བཤེར་མ་བྱས་པར་བཙོངས་པའི་བྱེད་སྤྱོད་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་བཞི་པའི་ནང་གསེས་དང་པོའི་ཚན་པ་བཅུ་པའི་གཏན་འབེབས་ལས་འགལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇཌ་བཅའ་ཁྲིམས》དོན་ཚན་བརྒྱ་དང་ཉེར་བཞི་པའི་ནང་གསེས་དང་པོའི་ཚན་པ་ལྔ་པའི་གཏན་འབེབས་གཞིར་བཟུང་། ཆབ་མདོ་སྨར་ཁམས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་ཆབས་ཅིག ཁྲིམས་འགལ་གྱི་ཐོབ་ཆ་སྒོར་714གཞུང་བཞེས་དང་། དངུལ་ཆད་སྒོར་20000གཅོད་རྒྱུའི་སྲིད་འཛིན་ཆད་པ་བཅད་པ་རེད།