དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནགས་ཚལ་མེ་ཟོན་ཚགས་ཚུད་བྱས། ལྗང་མདོག་ཁྱིམ་གཞིས་ལེགས་པར་བསྲུངས།

    གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་སྐོར་སྲུང་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    གཞིས་རྩེ་གྲོང་ཁྱེར་གྲོང་མོ་རྫོང་གྲོ་མོ་སྨད་ཤང་ཤར་རི་གྲོང་ཚོར། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་མདུན་ཕྱོགས་བཅའ་སྡོད་རུ་ཁག་གི་བཀོད་འཐབ་པ་ཚོ་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད། ཁོང་ཚོས་མེ་གསོད་སྒྲིག་ཆས་དང་འགོག་སྲུང་ཡོ་བྱད་ལ་ཞིབ་བཤེར་ཡག་པོ་བྱས་ནས། ནགས་རིའི་སྐོར་སྲུང་ལས་འགན་བསྒྲུབ་རྒྱུའི་མཐའ་མའི་གྲ་སྒྲིག་བྱེད་བཞིན་ཡོད།

    ད་ཐེངས་སྐོར་སྲུང་བྱ་ཡུལ་ནི་ས་བབ་སྨི་3000ཡན་གྱི་གདོད་མའི་ནགས་ཚལ་ཡིན་ཞིང་། ས་དབྱིབས་ཆཌ་ཚུལ་ནི་རྙོག་འཛིང་ཆེ་བ་དང་ཉེན་ཁ་ཡང་ཆེན་པོ་ཡོད་པ་མ་ཟད། གྲོག་རོང་གཡང་གཟར་བའི་ཁར་ནགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཞན་པས། མེ་སྐྱོན་བྱུང་ཚེ་མཆེད་སླ་པོ་ཡོད།

    སྐོར་སྲུང་རུ་ཁག་ཀྱག་ཀྱོག་གི་རི་ལམ་བརྒྱུད་སྐབས་ལམ་མང་པོ་ཞིག་ལ་མི་གཅིག་ལས་ཐར་གྱི་མེད་པ་དང་། ལམ་གྱི་གཞོགས་གཅིག་ནི་རི་ལྡེབས་དང་གཞོགས་གཞན་ཞིག་ནི་གཡང་གཟར་གྱི་བྲག་རི་ཡིན་པས། བལྟས་པ་ཙམ་གྱིས་སྐྱི་གཡའ་བ་ཞིག་ཡོད། མེ་ཟོན་རུ་མི་ཚོས་ལྗིད་ཚད་རྒྱ་མ་30ཡོད་པའི་མེ་ཟོན་སྒྲིག་ཆས་སྣ་ཚོགས་རྒྱབ་ཏུ་ཁུར་བ་དང་། ས་བབ་མཐོ་རུ་འགྲོ་བ་དང་བསྟུན་ནས་མདུན་དུ་གོམ་པ་རེ་རེ་སྤོ་བ་ལའང་ངལ་བ་ཆེན་པོ་ཡོད། དེ་ལྟར་ཡིན་མོད། འོན་ཀྱང་རྗེས་སུ་ལུས་མཁན་གཅིག་ཀྱང་བྱུང་མེད། ཁོང་ཚོས་ཕན་ཚུན་སྐུལ་ལྕག་དང་ལྟ་རྟོག་བྱས་ཏེ་དཀའ་ཚེགས་ཆེ་བའི་རི་ལམ་ཐོག་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད། མདུན་སྐྱོད་ཀྱི་ལམ་བར་དུ། ཁོང་ཚོས་ལྷགས་ཚད་འཇལ་ཆས་དང་རྒྱང་ཤེལ་སོགས་ཆེད་ལས་སྒྲིག་ཆས་ལག་ཏུ་བཟུང་སྟེ། སྔོ་ཁེབས་ཚང་མར་ལྟ་ཞིབ་ཞིབ་ཚགས་བྱས་ནས། མེ་མཆེད་པའི་མངོན་མེད་རྐྱེན་ངན་མེད་པར་བཟོས་ཡོད།

    “རི་སྐོར་བརྒྱབ་སྐབས་དངོས་གནས་དཀའ་ངལ་ཆེན་པོ་འདུག སྐབས་རེ་དགོང་མོ་སྒར་སར་སླེབས་སྐབས་ཐང་ཆད་ནས་འགུལ་སྐྱོད་ཏོག་ཙམ་ཡང་བྱེད་འདོད་མི་འདུག་ལ་ཟ་མ་ཡང་ཟ་འདོད་མི་འདུག འོན་ཀྱང་ནགས་རི་བདེ་འཇགས་དང་ལྡན་ན། བྱས་པ་ཐམས་ཅད་ལ་དོན་སྙིང་ལྡན་ཡོད”ཅེས་མེ་ཟོན་རུ་མི་བཀྲ་ཤིས་ངལ་དུབ་ཀྱིས་ཐང་ཆད་ཀྱང་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    ལས་ཀའི་ཁོར་ཡུག་དཀའ་ཚེགས་ཆེ་ཡང་རུ་ཁག་གི་དྲོ་སྐྱིད་ལྡན་པའི་མཛའ་གྲོགས་གང་སར་མཐོང་རྒྱུ་ཡོད། ཉིན་དེར་རིམ་པ་གཉིས་པའི་མེ་ཟོན་དམག་མི་ཟླ་བ་ཚེ་རིང་གི་སྐྱེས་སྐར་རེད། ངལ་གསོའི་བར་གསེང་དུ། རུ་མི་ཚོ་མཉམ་དུ་འཛོམས་ནས་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱི་སྐྱེས་སྐར་གྱི་སྨོན་འདུན་ཞུས་པ་རེད། མི་སེམས་དྲོ་བའི་སྐྱེས་སྐར་གྱི་རྟེན་འབྲེལ་དེ་མ་གཞི་སྟབས་བདེ་ཞིག་ལས་མེད་ཀྱང་། ཟླ་བ་ཚེ་རིང་གི་ངོས་ནས་བརྗོད་ན་ཆེས་བརྗེད་པར་དཀའ་བའི་དྲན་གསོ་ཞིག་རེད།

    ཆུ་ཚོད་བརྒྱད་ཙམ་ལ་ཀླུང་བརྒྱབ་རྗེས། མཐར་སྐོར་སྲུང་རུ་ཁག་ལས་འགན་ལེགས་འགྲུབ་བྱུང་ནས་སྒར་ཁུལ་དུ་ལོག ངལ་དུབ་ཀྱིས་མནར་ཡང་ཁོང་ཚོའི་ངོ་གདོང་ལས་ལས་འགན་ལེགས་འགྲུབ་བྱུང་བའི་དགའ་ཚོར་དང་སྤོབས་པ་འཕྱུར། ཉིན་དེར་ཁོང་ཚོས་རྐང་ཐང་དུ་སྤྱི་ལེ་20ཙམ་བསྐྱོད་ནས་མངོན་མེད་རྐྱེན་ངན་གནས་ས་12ཞིབ་བཤེར་ཐུབ་པ་མ་ཟད། ཉེན་བརྡའི་མཚོན་རྟགས་10ལྷག་ཙམ་བཙུགས། ཁོང་ཚོས་ངལ་བ་ཁྱད་དུ་བསད་དེ་ནགས་རིའི་ས་ཆ་ཚུན་རེ་རེ་བསྲུངས་ཏེ། ཁོངས་གཏོགས་ཁུལ་དུ“མེ་སྐྱོན་ཐོན་མྱོང་མེད་པའི”ཟིན་ཐོ་རྒྱུན་འཁྱོངས་བྱས་ཡོད།

    “ས་མཐོའི་ནགས་སྲུང་བ”དེ་དག་གིས་ཉིན་ནས་ཉིན་བཏུད་དེ་བརྟན་སྲུང་ལ་བརྟེན་ནས་ལྗང་མདོག་གི་ཁྱིམ་གཞིས་བསྲུངས་པ་མ་ཟད། རི་བོ་རྒྱུན་དུ་སྔོ་ལྗང་ལྡན་པ་དང་སྐྱེ་ཁམས་རྒྱུན་དུ་དོ་སྙོམས་ཡོང་བར་བྱས་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་ཟླ་11པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་གྲོ་མོ་དང་སྐྱིད་གྲོང་དུ་བཅའ་སྡོད་ཡན་ལག་རུ་ཁག་གིས་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་བ་དང་ནགས་ཚལ་མེ་ཟོན་གྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་དངོས་རྫས་5000ལྷག་ཙམ་སྤྲད་ཅིང་། མང་ཚོགས་མི་ཐེངས་6000ལྷག་ཙམ་ལ་དྲིལ་བསྒྲགས་སློབ་གསོ་བརྒྱབ་པ་རེད། བཅའ་སྡོད་བྱ་ཡུལ་གྱི་ནགས་སྲུང་བ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་ཐེངས་5བྱས་པ་དང་། བཅའ་སྡོད་བྱ་ཡུལ་གྱི་འཕྲལ་སྡོམ་དང་ནགས་རྩྭ་སོགས་སྡེ་ཚན་དང་མཉམ་དུ་མེ་ཟོན་ཕྱོགས་བསྡུས་ནང་སྦྱོང་ཐེངས་4བྱས་པ་རེད། ནགས་ཚལ་རྩྭ་ཐང་གི་མེ་འགོག་ཞིབ་བཤེར་ཐེངས་6དང་ལྟ་ཞིབ་ཐེངས་2སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཡོད། ཏན་ཏིག་དང་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད། བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་ནགས་ཚལ་མེ་འགོག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་ཕྱིན་ནས། ནགས་ཚལ་མེ་སྐྱོན་སྔོན་འགོག་བྱ་ཆེད། འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།