དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

    བུ་ཕྲུག་ཉར་གསོ་བྱེད་པར་ཉར་གསོ་བྱེད་མཁན་ལ་ཆ་རྐྱེན་གང་དག་འཛོམས་དགོས་སམ།

    དོན་ཚན་ཆིག་སྟོང་དང་གོ་བརྒྱད་པ། ཉར་གསོ་བྱེད་མིར་གཤམ་གསལ་གྱི་ཆ་རྐྱེན་དུས་གཅིག་ཏུ་འཛོམས་དགོས་ཏེ། (གཅིག)བུ་ཕྲུག་མེད་པའམ་བུ་ཕྲུག་གཅིག་ལས་མེད་པ་དང་། (གཉིས)ཉར་གསོ་བྱ་ཡུལ་གྱི་མི་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་ནུས་པ་ཡོད་པ། (གསུམ)གསོ་རིག་ལས་བུ་ཕྲུག་ཉར་གསོ་བྱེད་མི་འོས་པར་འདོད་པའི་ན་ཚ་ཕོག་མེད་པ། (བཞི)ཉར་གསོ་བྱ་ཡུལ་གྱི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་གནོད་པའི་ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ། (ལྔ)རང་ལོ་སུམ་ཅུ་ལོན་པ་བཅས་ཡིན།

    ཁྲིམས་ལུགས་འཆད་སྟེགས།

    ཉར་གསོ་བྱེད་པ་ནི་ཉར་གསོ་བྱ་ཡུལ་གྱི་ནར་མ་སོན་པའི་མི་ཉར་གསོ་དང་འཚར་ལོངས་ཡོང་རྒྱུར་ཕན་པ་ཡོད་པས་ཉར་གསོ་བྱེད་མིར་དཔལ་འབྱོར་དང་བདེ་ཐང་གི་ཆ་རྐྱེན་ངེས་ཅན་ལྡན་པ་དང་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་ནུས་པ་ལྡན་དགོས། ཞིབ་ཕྲའི་ཆ་ནས་བརྗོད་ན། ཉར་གསོ་བྱེད་མིར་དེ་དང་ཆབས་ཅིག་ཆ་རྐྱེན་དྲུག་ལྡན་དགོས་ཏེ། གཅིག་ནི་བུ་ཕྲུག་མེད་པའམ་བུ་ཕྲུག་གཅིག་ལས་མེད་པ་དང་། གཉིས་ནི་ཉར་གསོ་བྱ་ཡུལ་གྱི་མི་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་ནུས་པ་ཡོད་པའི་ནང་གཙོ་བོ་དཔལ་འབྱོར་དང་གཟུགས་པོའི་ཆ་རྐྱེན་ཚུད་ཡོད། གསུམ་ནི་གསོ་རིག་ལས་བུ་ཕྲུག་ཉར་གསོ་བྱེད་མི་འོས་པར་འདོད་པའི་ན་ཚ་ཕོག་མེད་པ་སྟེ་གཙོ་བོ་ཉར་གསོ་བྱ་ཡུལ་གྱི་མི་འཚར་ལོངས་ཐད་ཤུགས་རྐྱེན་བཟོ་བའི་ཀླད་པའི་ནད་དམ་ནད་གཞི་ཚབས་ཆེན་གཞན་ལ་ཟེར། བཞི་ནི་ཉར་གསོ་བྱ་ཡུལ་གྱི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་གནོད་པའི་ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ་དང་ཉར་གསོ་བྱ་ཡུལ་གྱི་མི་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་ཐུབ་པ། ལྔ་ནི་རང་ལོ་སུམ་ཅུ་ལོན་པ་དང་བཟའ་ཟླ་མེད་པའི་མིས་མཚན་མ་མི་གཅིག་པའི་བུ་ཕྲུག་ཉར་གསོ་བྱེད་པར་ཉར་གསོ་བྱེད་མི་དང་ཉར་གསོ་བྱ་ཡུལ་གྱི་མིའི་བར་དུ་ལོ་བཞི་བཅུ་ཡན་གྱི་ཆེ་ཆུང་ཡོད་དགོས་པ། དྲུག་ནི་བཟའ་ཟླ་ཡོད་པའི་མིས་བུ་ཕྲུག་ཉར་གསོ་བྱེད་པར་ཁྱོ་ཤུག་གཉིས་ཀྱིས་ཐུན་མོང་དུ་ཉར་གསོ་བྱེད་དགོས་པ་བཅས་ཡིན།

    རང་འདོད་ཀྱིས་རིག་གནས་དང་ལུས་རྩལ་བྱེད་སྒོར་ཞུགས་ཏེ་རྨས་སྐྱོན་ཕོག་ན། དབང་གནོད་ཁག་འགན་སུ་ཡིས་འཁུར་དགོས་སམ།

    དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་དོན་དྲུག་པ། ཉེན་ཁ་ངེས་ཅན་ལྡན་པའི་རིག་རྩལ་གྱི་བྱེད་སྒོར་རང་མོས་ཀྱིས་ཞུགས་སྐབས་དེའི་ནང་ཞུགས་མཁན་གཞན་དག་གི་བྱ་སྤྱོད་ཀྱི་དབང་གིས་གནོད་འཚེ་ཕོག་ན། གནོད་འཚེ་ཕོག་མཁན་གྱིས་དེའི་ནང་ཞུགས་མཁན་གཞན་དག་ལ་དབང་གནོད་ཀྱི་འགན་འཁྲི་འཁུར་དགོས་པའི་རེ་འདུན་ཞུས་མི་ཆོག འོན་ཀྱང་དེའི་ནང་ཞུགས་མཁན་གཞན་དག་གིས་བསམ་བཞིན་དུ་བྱས་པའམ་ལས་འཛོལ་ཚབས་ཆེན་ཤོར་བའི་དབང་གིས་གནོད་འཚེ་བྱུང་བའི་རིགས་འདིའི་ཁོངས་སུ་མི་ཚུད།

    བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱི་འགན་འཁྲིའི་ཐད་ལ་བཅའ་ཁྲིམས་འདིའི་དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་གོ་བརྒྱད་པ་ནས་དོན་ཚན་ཆིག་སྟོང་ཉིས་བརྒྱ་དང་དང་པོའི་བར་གྱི་གཏན་འབེབས་སྤྱད་འཐུས།

    ཁྲིམས་ལུགས་འཆད་སྟེགས།

    འགྲན་རྒོལ་རང་བཞིན་ཅུང་ཆེ་བའི་རིག་གནས་ལུས་རྩལ་བྱེད་སྒོར་ཞུགས་ན་གནོད་འཚེ་ཕོག་སླ་མོད། འོན་ཀྱང་བྱེད་སྒོའི་ནང་ཞུགས་མཁན་གྱིས་རང་མོས་ངང་བྱེད་སྒོར་ཞུགས་ཡོད་པས་བྱེད་སྒོ་དེ་དག་གི་ཉེན་ཁའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་དགོས་པ་དང་། དེའི་ཁྲོད་ལྷག་པའི་རྒྱུན་གཏན་རང་བཞིན་གྱི་ཉེན་ཁ་ཡང་བྱེད་སྒོའི་ནང་ཞུགས་མཁན་རང་ཉིད་ཀྱིས་འགན་འཁུར་དགོས། དེ་ནི“རང་འདོད་ཉེན་ཁའི”རྩ་དོན་ཡིན། གལ་ཏེ་འགྲན་བསྡུར་ནང་ཕྱོགས་གཅིག་ལ་ཕྱོགས་གཞན་པའི་འགྲན་ཞུགས་པས་རྐང་བཙུགས་ནས་མིན་པའམ། ནོར་འཛོལ་ཚབས་ཆེན་གྱིས་གནོད་འཚེ་ཅུང་ཕོག་ན། གནོད་འཚེ་ཕོག་མཁན་ནས་འགྲན་ཞུགས་མཁན་གཞན་ལ་དབང་གནོད་ཀྱི་འགན་འཁྲི་འཁུར་རྒྱུའི་རེ་བ་འདོན་མི་ཆོག འོན་ཀྱང་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་བདེ་འཇགས་འགན་སྲུང་ཐུབ་མེད་ན་སྔར་བཞིན་དབང་གནོད་ཁག་འགན་འཁུར་དགོས།

    ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཚེ། གནོད་འཚེ་ཕོག་མཁན་གྱིས་རང་འགུལ་བྱ་སྤྱོད་སྤེལ་ཆོག་གམ།

    དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་དོན་བདུན་པ། ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཅིང་། གནས་ཚུལ་ཛ་དྲག་ཆེ་ལ་དུས་ཐོག་ཏུ་རྒྱལ་ཁབ་ལས་ཁུངས་ཀྱི་སྲུང་སྐྱོང་ཐུབ་མེད་པར། འཕྲལ་མར་བྱེད་ཐབས་མ་སྤྱད་ན་དེའི་ཁྲིམས་མཐུན་ཁེ་དབང་ལ་གསབ་ཐབས་བྲལ་བའི་གནོད་འཚེ་ཕོག་སྲིད་པའི་རིགས། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཁྱབ་ཁོངས་ནང་དབང་ཆར་གནོད་འཚེ་གཏོང་མཁན་གྱི་རྒྱུ་དངོས་སྒེར་ཉར་བྱེད་པ་སོགས་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ཆོག འོན་ཀྱང་འཕྲལ་མར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་བྱེད་རོགས་ཞུ་དགོས།

    ཁྲིམས་ལུགས་འཆད་སྟེགས།

    རང་བྱུང་མི་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ནས་རྒྱལ་ཁབ་ལས་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་འདུན་ཞུ་ཁོམ་མ་བྱུང་བའི་གནས་ཚུལ་འོག རང་ཉིད་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་དབང་སྲུང་སྐྱོབ་བྱས་ཆོག གནས་ཚུལ་འདི་འདྲའི་འོག་ཏུ་རང་བྱུང་མིས་རང་སྲུང་བྱ་སྤྱོད་ལ་འགན་འཁུར་མི་དགོས། “རང་སྲུང་བྱ་སྤྱོད”ལ་འགན་འཁུར་མི་དགོས་པའི་ལམ་ལུགས་ཀྱིས་རང་བྱུང་མི་ལ་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་དབང་ཆ་སྤྲད་ཡོད་པས། དེ་ནི་རྒྱལ་ཁབ་ལས་ཁུངས་ཀྱིས་སྲུང་སྐྱོབ་བྱེད་པའི་ཁ་གསབ་ནུས་ལྡན་ཞིག་ཡིན། “རང་སྲུང་བྱ་སྤྱོད”ལ་འགན་འཁུར་མི་དགོས་པའི་ལམ་ལུགས་ཁ་གསལ་གཏན་འབེབས་བྱས་ཡོད་པ་དེས་རང་བྱུང་མིའི་མི་ལུས་དང་རྒྱུ་ནོར་དབང་ཆར་སྲུང་སྐྱོབ་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་ལ་བྱ་སྤྱོད་དེ་རིགས་ཚད་ལྡན་དུ་གཏོང་རྒྱུར་ཡང་ཕན་པ་ཡོད།


    གནོད་འཚེ་ཕོག་མཁན་གྱིས་ཚུལ་མིན་བྱེད་ཐབས་སྤྱད་ནས་མི་གཞན་པར་གནོད་འཚེ་བཏང་ན། དབང་གནོད་ཀྱི་འགན་འཁྲི་འཁུར་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།