ཁྱེད་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཤེས་སམ།
བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།
རྩ་ཁྲིམས། ལེའུ་གཉིས་པའི་དོན་ཚན་སོ་གསུམ་པའི་གཏན་འབེབས།
བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཅུ་གསུམ་པ།
སྤྱི་དམངས་སྐྱེས་པ་ནས་འཆི་བའི་བར་དམངས་དོན་ཁེ་དབང་གི་ནུས་པ་ཡོད་པ་དང་ཁྲིམས་ལྟར་དམངས་དོན་ཁེ་དབང་ལོངས་སྤྱོད་བྱེད་དབང་ཡོད་ལ། དམངས་དོན་འོས་འགན་ཡང་འཁུར་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཅུ་དྲུག་པ།
ཤུལ་བཞག་ཤུལ་འཛིན་དང་སྦྱིན་པ་དང་ལེན་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་རིགས་ལ་མངལ་གནས་ཕྲུ་གུར་དམངས་དོན་ཁེ་དབང་གི་ནུས་པ་ཡོད་པར་བརྩི་ཡི་ཡོད། འོན་ཀྱང་མངལ་གནས་ཕྲུ་གུ་བཙའ་དུས་ནས་ཤི་རོ་ཡིན་ཚེ་དེའི་དམངས་དོན་ཁེ་དབང་གི་ནུས་པའང་ཐོག་མ་ཉིད་ནས་མེད།
རྩ་ཁྲིམས། ལེའུ་གཉིས་པའི་དོན་ཚན་ཞེ་གཉིས་པའི་གཏན་འབེབས།
སྤྱི་དམངས་ལ་ངལ་རྩོལ་གྱི་ཁེ་དབང་དང་འོས་འགན་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་གོ་གཉིས་པ།
མི་སྒེར་དབར་ངལ་ལས་ཀྱི་འབྲེལ་བ་གྲུབ་ན། ངལ་ལས་མཁོ་འདོན་ཕྱོགས་ཀྱིས་ངལ་ལས་དབང་གིས་གཞན་ལ་གནོད་འཚེ་ཕོག་་ཚེ། ངལ་ལས་དང་ལེན་ཕྱོགས་ཀྱིས་ཁེ་དབང་བཙན་གནོད་ཀྱི་འགན་འཁྲི་འཁུར་དགོས། ངལ་ལས་དང་ལེན་ཕྱོགས་ཀྱིས་ཁེ་དབང་བཙན་གནོད་ཀྱི་འགན་འཁྲི་དང་ལེན་བྱས་རྗེས། རྐང་བཙུགས་པའམ་འགལ་འཛོལ་ཚབས་ཆེན་ཡོད་པའི་ངལ་ལས་མཁོ་སྤྲོད་ཕྱོགས་ལ་སྐྱིན་ཚབ་བདའ་འདེད་གཏོང་ཆོག ངལ་ལས་མཁོ་སྤྲོད་ཕྱོགས་ཀྱི་ངལ་ལས་ལ་གནོད་འཚེ་ཕོག་ཚེ། ཕྱོགས་གཉིས་སོ་སོའི་ནོར་འཁྲུལ་གཞིར་བཟུང་བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པ།
རྒྱལ་ཁབ་ཀྱིས་ཕོགས་ཡོད་འཁོར་ཞག་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད།
ངལ་རྩོལ་པས་བསྟུད་མར་ལོ་གཅིག་ཡན་ལས་ཀ་བྱས་ཚེ། ཕོགས་ཡོད་འཁོར་ཞག་ལོངས་སུ་སྤྱོད་ཆོག ཞིབ་ཕྲའི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་ཡོད།
རྩ་ཁྲིམས། ལེའུ་གཉིས་པའི་དོན་ཚན་སོ་དགུ་པའི་གཏན་འབེབས།
སྤྱི་དམངས་ཀྱི་སྡོད་ཁང་ལ་བཙན་གནོད་མི་ཕོག་པ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ཞེ་ལྔ་པ།
ཁྲིམས་འགལ་ངང་མི་གཞན་གྱི་ལུས་པོ་དང་སྡོད་ཁང་སྔོག་བཤེར་རམ་ཡང་ན་ཁྲིམས་འགལ་ངང་མི་གཞན་གྱི་སྡོད་ཁང་དུ་འཛུལ་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མམ་ཡང་ན་བཙན་ཉར་ལས་སྐུལ་བྱ་རྒྱུ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཉིས་བརྒྱ་རེ་དྲུག་པ།
མི་སྒེར་གྱིས་རང་གི་ཁྲིམས་མཐུན་ཡོང་འབབ་དང་། ཁང་པ། འཚོ་བའི་མཁོ་ཆས། ཐོན་སྐྱེད་ལག་ཆ། མ་བཅོས་རྒྱུ་ཆ་སོགས་གཏན་འཇགས་རྒྱུ་ནོར་དང་གཏན་འཇགས་མིན་པའི་རྒྱུ་ནོར་ལ་བདག་དབང་ཡོད།
རྩ་ཁྲིམས། ལེའུ་གཉིས་པའི་དོན་ཚན་ཞེ་དྲུག་པའི་གཏན་འབེབས།
སྤྱི་དམངས་ལ་སློབ་གསོ་དང་ལེན་གྱི་ཁེ་དབང་དང་འོས་འགན་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དགུ་པ།
རྒྱལ་ཁབ་ཀྱིས་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད།
རིམ་ཁག་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་སློབ་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཅིག་པ།
ལོ་དྲུག་ལ་སླེབས་པའི་བྱིས་པ་ཡིན་ཚེ་དེའི་ཕ་མའམ་ཁྲིམས་བཀོད་ལྟ་སྐྱོང་པས་བྱིས་པ་སློབ་གྲྭར་བསྐྱལ་ནས་འོས་འགན་སློབ་གསོ་ཐོབ་པ་བྱེད་དགོས། ཆ་རྐྱེན་འཛོམས་མེད་པའི་ས་ཁུལ་གྱི་བྱིས་པ་ལོ་བདུན་བར་ནར་འགྱངས་བྱས་ཆོག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པ།
སློབ་གྲྭས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱོད་བཟང་མི་སྐྱོང་མཐའ་འཁྱོངས་བྱེད་པ། བྱང་ཚད་སློབ་གསོ་ལག་བསྟར་བྱེད་པ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། ན་སོ་དར་ལ་མ་བབས་པའི་སློབ་མའི་ངེས་ཤེས་ཀྱི་ནུས་པ་དང་། མཉམ་ལས་ཀྱི་ནུས་པ། གསར་གཏོད་ཀྱི་ནུས་པ། ལག་ལེན་གྱི་ནུས་པ་བཅས་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ་ན་སོ་དར་ལ་མ་བབས་པའི་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
རྩ་ཁྲིམས། ལེའུ་གཉིས་པའི་དོན་ཚན་ཞེ་དགུ་པའི་གཏན་འབེབས།
ཕ་མར་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཉིས་པ།
བུད་མེད་ལ་ཁྲིམས་ལྟར་བུ་ཕྲུག་བཙའ་བའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་ལ། བུ་ཕྲུག་མི་བཙའ་བའི་རང་དབང་ཡང་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་མེད་གྱ་གཉིས་པ།
བུད་མེད་ལ་མངལ་འཁོར་བ་དང་ཕྲུ་གུ་བཙས་རྗེས་ཀྱི་ལོ་གཅིག་གམ་ཡང་ན་མངལ་འཁོར་དུས་ཚོད་ཡོལ་རྗེས་ཀྱི་ཟླ་བ་དྲུག་ནང་སྐྱེས་པ་ཕྱོགས་ཀྱིས་བཟའ་ཚང་ཁ་འབྲལ་བའི་རེ་བ་འདོན་མི་ཆོག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་ལྔ་པ།
ན་སོ་དར་ལ་མ་བབས་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ཁྱིམ་ཚང་སློབ་གསོའི་ཤེས་བྱ་སློབ་སྦྱོང་དང་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་དང་ལེན་བྱས་ནས། ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་དང་། འཆམ་མཐུན། ཡ་རབས་བཅས་སྐྲུན་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བཞི་པ།
ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ཁྱིམ་ཚང་ནི་སློབ་ཁང་དང་པོ་དང་ཁྱིམ་བདག་ནི་དགེ་རྒན་དང་པོ་ཡིན་པའི་འགན་འཁྲིའི་འདུ་ཤེས་འཛུགས་དགོས་པ་དང་། ན་སོ་དར་ལ་མ་བབས་པའི་མིར་ཁྱིམ་ཚང་སློབ་གསོ་ལག་བསྟར་བྱེད་པའི་བྱེད་པོའི་འགན་འཁྲི་འཁུར་དགོས།
རྩ་ཁྲིམས། ལེའུ་གཉིས་པའི་དོན་ཚན་ཞེ་བཞི་པའི་གཏན་འབེབས།
རྒན་ཡོལ་ཞུ་མཁན་གྱི་འཚོ་བར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འགན་སྲུང་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་གཅིག་པ།
རྒན་རྒོན་དང་། ལོ་ཆུང་། ནད་པ་བཅས་སམ་ཡང་ན་རང་ཚུགས་ངང་འཚོ་བ་སྐྱེལ་ནུས་མེད་པའི་མིར་གསོ་སྐྱོང་འོས་འགན་ཡོད་ཀྱང་གསོ་སྐྱོང་མི་བྱེད་མཁན་གྱི་ཉེས་ཚབས་ལྕི་རིགས་ལ། དུས་བཀག་བཙོན་འཇུག་ལོ་ལྔ་མན་དང་བཙན་ཉར་ལས་སྐུལ་ལམ་ཡང་ན་གཅུན་འདོམས་བྱ་རྒྱུ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་སོ་གསུམ་པ།
སྤྱི་དམངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་མི་སྒེར་གྱི་རྒྱུ་ནོར་ཁ་ཆེམས་བཞག་ནས་ཐག་གཅོད་བྱེད་ཆོག་པ་མ་ཟད། ཁ་ཆེམས་ལག་བསྟར་བྱེད་མཁན་དམིགས་འཛུགས་བྱེད་ཆོག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་རྒོན་ཁེ་དབང་འགན་སྲུང་བཅའ་ཁྲིམས》གྱི་དོན་ཚན་ཉེར་གཉིས་པ།
རྒན་རྒོན་ལ་རང་ཉིད་ཀྱི་རྒྱུ་ནོར་ཁྲིམས་ལྟར་བདག་ཏུ་བཟུང་བ་དང་། བེད་སྤྱོད། ཁེ་འབབ། ཐག་གཅོད་བཅས་བྱེད་དབང་ཡོད་པས། བུ་ཕྲུག་གམ་གཉེན་ཉེ་གཞན་དག་གིས་ཐེ་གཏོགས་བྱེད་མི་ཆོག་ལ། གཡོ་ལེན་དང་། བསླུ་ལེན། བཙན་ལེན་སོགས་ཀྱི་བྱ་ཐབས་སྤྱད་ནས་རྒན་རྒོན་གྱི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག