ལས་གནས་བརྟན་སྲུང་བྱས་ནས་ལྗང་མདོག་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།
གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྱི་སྐོར་སྲུང་ཟིན་ཐོ།
འདི་ནི་མེ་གསོད་པས་ནགས་ཚལ་སྟུག་པོའི་ཁྲོད་སྐོར་གཡེང་བྱེད་བཞིན་པ།
འདི་ནི་མེ་གསོད་པས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།
ཐོ་རེངས་སུ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྨད་ཤང་ཤར་རི་གྲོང་ཚོར་གྲང་ངར་ཆེ་ནའང་། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྱི་འཐབ་ས་མདུན་མར་བཅའ་སྡོད་མེ་གསོད་ཡན་ལག་རུ་ཁག་གི་བཀོད་འཐབ་པ་ཚོ་ཐོན་གྲ་སྒྲིག་ཟིན། ཁོང་ཚོས་མེ་གསོད་སྒྲིག་ཆས་དང་འགོག་སྲུང་ཡོ་བྱད་ལ་ཞིབ་བཤེར་ལེགས་པར་བྱས་ནས་ཐེངས་འདིའི་ནགས་ཚལ་སྐོར་སྲུང་ལས་འགན་གྱི་མཐའ་མའི་གྲ་སྒྲིག་བྱེད་བཞིན་མཆིས།
ད་ཐེངས་སྐོར་སྲུང་བྱ་ཡུལ་ནི་ས་བབ་མཐོ་ཚད་སྨི་3000ཡན་གྱི་གདོད་མའི་ནགས་ཁུལ་ཡིན་ཞིང་། ནགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས་མེ་སྐྱོན་ཐོན་ཚེ་མེ་མཆེད་སླ་པོ་ཡོད། སྐོར་སྲུང་རུ་ཁག་གཡང་གཟར་ཀྱག་ཀྱོག་གི་རི་ལམ་དུ་སྐྱོད་འགོ་ཚུགས། མེ་གསོད་རུ་མི་ཚོས་ལྗིད་ཚད་རྒྱ་མ་30ཡོད་པའི་མེ་གསོད་སྒྲིག་ཆས་སྣ་ཚོགས་སྒལ་པར་འཁུར་བ་དང་ས་བབ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བ་དང་བསྟུན་ནས་གོམ་པ་གང་སྤོ་བར་དཀའ་ངལ་ཆེན་པོ་ཡོད་མོད། འོན་ཀྱང་མི་གཅིག་ཀྱང་རྗེས་སུ་ལུས་མེད། ཁོང་ཚོས་ཕན་ཚུན་སྐུལ་མ་གཏོང་བ་དང་རོགས་རམ་བྱས་ནས་དཀའ་ཚེགས་ཆེ་བའི་རི་ལམ་དུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ལམ་བར་དུ་ཁོང་ཚོས་རླུང་དཔྱད་ཡོ་ཆས་དང་རྒྱང་ཤེལ་སོགས་ཆེད་ལས་སྒྲིག་ཆས་སྤྱད་དེ་ཐོན་སྲིད་པའི་མེ་སྐྱོན་འབྱུང་རྩ་གཅིག་ཀྱང་མ་ལུས་པར་སྔོ་ཁེབས་ཡོངས་ལ་ལྟ་ཞིབ་ཞིབ་ཚགས་བྱས་པ་རེད།
“རི་སྐོར་བརྒྱབ་ན་དངོས་གནས་ཐང་ཆད་ཀྱི་འདུག སྐབས་རེ་དགོང་མོ་སྒར་སར་ལོག་སླེབས་སྐབས་ཐང་ཆད་ནས་འགུལ་ཡང་མི་འདོད་ལ་ལྟོ་ལའང་དང་ག་མི་འདུག ཡིན་ནའང་ནགས་ཚལ་གྱི་བདེ་འཇགས་ཆེད་དུ་དཀའ་ཚེགས་ཆེ་ཡང་བྱེད་རིན་འདུག”ཅེས་མེ་གསོད་པ་བཀྲ་ཤིས་ཀྱིས་ཐང་ཆད་ཀྱང་སེམས་ཤུགས་མི་ཉམས་པའི་ངང་བཤད།
ཆུ་ཚོད་བརྒྱད་རིང་དཀའ་ངལ་ཁྱད་བསད་ཀྱིས་བསྐྱོད་རྗེས། སྐོར་སྲུང་རུ་ཁག་མཐར་ལས་འགན་ལེགས་གྲུབ་བྱུང་ནས་སྒར་ཁུལ་དུ་ཕྱིར་ལོག
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་5པའི་བར་ནི་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སྐབས་ཡིན་ཞིང་། དུས་མཚམས་དེའི་རིང་གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྱི་འཐབ་ས་མདུན་མར་བཅའ་སྡོད་མེ་གསོད་ཡན་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ནས་རང་འགན་གཙང་སྒྲུབ་བྱེད་ཀྱི་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་གི་ཟླ་11པའི་ཚུན་དུ། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྲོ་མོ་དང་སྐྱིད་གྲོང་དུ་བཅའ་སྡོད་མེ་གསོད་ཡན་ལག་རུ་ཁག་གིས་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་བ་དང་། རིམ་རྩིས་བརྒྱབ་ན་ནགས་ཚལ་མེ་ཟོན་གྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་དངོས་རྫས་5000ལྷག་ཙམ་སྤྲད་པར་མང་ཚོགས་མི་ཐེངས་6000ལྷག་ཙམ་ལ་དྲིལ་བསྒྲགས་སློབ་གསོ་ཐེབས་ཡོད།