དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-27

    61.  ཁྱོ་ཤུག་ཕྱོགས་གཉིས་པོས་གཉེན་འཐོར་གཏུག་གཤེར་བྱེད་པར་ཆ་རྐྱེན་གང་དག་ཚང་དགོས་སམ།

    དོན་ཚན་ཆིག་སྟོང་དང་དོན་དགུ་པའི་ནང་ཚན་གསུམ་པ་ནས་ལྔ་པའི་བར།

    གཤམ་གསལ་གྱི་གནས་ཚུལ་གྱི་གྲས་ཤིག་ཡོད་པར་བར་འདུམ་བྱས་ཀྱང་ཕན་ནུས་མ་ཐོན་ཚེ། གཉེན་འཐོར་ཆོག་འཁྲོལ་སྤྲོད་དགོས།

    (གཅིག)གཉེན་སྒྲིག་བརྩེགས་མ་བྱས་པའམ་མི་གཞན་དང་འགབ་མཐུན་བྱས་པ། (གཉིས)ཁྱིམ་ཚང་གི་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་བ་དང་། ཁྱིམ་མི་བསྐྱུར་བ། (གསུམ)རྒྱན་འཛུགས་པ་དང་དུག་འཐེན་པ་སོགས་གོམས་ངན་ཡོད་པར། སློབ་གསོ་ཡང་ཡང་བཏང་ནའང་ཡོ་བསྲང་མི་བྱེད་པ། (བཞི)བློ་ཁ་མི་མཐུན་པའི་དབང་གིས་ལོགས་བཀར་བསྡད་ནས་ལོ་གཉིས་སོང་བ། (ལྔ)ཁྱོ་ཤུག་གི་བརྩེ་དུང་མེད་པར་བཟོ་བའི་གནས་ཚུལ་གཞན་དག་ཡོད་པ།

    ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་བ་ཁྱབ་བསྒྲགས་བྱས་རྗེས། གཅིག་ཤོས་ཀྱིས་གཉེན་འཐོར་གཏུག་བཤེར་བྱས་པ་ཡིན་ན། གཉེན་འཐོར་ཆོག་འཁྲོལ་སྤྲོད་དགོས།

    མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་བྱེད་མི་ཆོག་པའི་དཔྱད་མཚམས་བཏང་རྗེས་ཕྱོགས་གཉིས་ཀ་སླར་ཡང་ལོགས་བཀར་བསྡད་ནས་ལོ་གཅིག་སོང་བ་དང་ཕྱོགས་གཅིག་གིས་ཡང་བསྐྱར་གཉེན་འཐོར་གཏུག་བཤེར་བྱས་པ་ཡིན་ན། གཉེན་འཐོར་ཆོག་འཁྲོལ་སྤྲོད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    གཉེན་འཐོར་གྱི་རེ་འདུན་ཞུས་པ་ཞེས་པ་ནི་གཉེན་སྒྲིག་དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་གཉེན་འཐོར་བྱ་རྒྱུའི་རེ་འདུན་ཞུས་པ་ལ་ཟེར། དེ་ནི་མི་དམངས་ཁྲིམས་ཁང་གིས་བར་འདུམ་བྱེད་པའམ་ཡང་ན་གཏུག་བཤེར་བྱས་ནས་དེའི་གཉེན་སྒྲིག་འབྲེལ་བ་མེད་པ་བཟོ་བའི་གཉེན་འཐོར་གྱི་ལམ་ལུགས་ཤིག་རེད། གཉེན་འཐོར་གྱི་རེ་འདུན་ཞུ་མཁན་གྱི་ཁྲིམས་བཀོད་ཆ་རྐྱེན་ནི་བརྩེ་དུང་མེད་པར་ཆགས་ནས་བར་འདུམ་བྱས་ཀྱང་ཕན་ནུས་མི་ཐོན་པ་ཡིན་དགོས། གཉེན་འཐོར་རེ་འདུན་ཞུས་པ་མ་ཟད། ཁྲིམས་ཁང་གིས་གཉེན་འཐོར་བྱེད་ཆོག་པའི་གཏན་འཁེལ་བྱེད་པར་གཙོ་བོ་ཁག་གསུམ་ཡོད་དེ། (1)གཉེན་སྒྲིག་བརྩེགས་མ་བྱེད་པའམ་མི་གཞན་དང་འགབ་མཐུན་བྱས་པ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་བ། ཁྱིམ་མི་བསྐྱུར་བ། རྒྱན་འཛུགས་པ། དུག་འཐེན་པ་སོགས་གོམས་ངན་ཡོད་པར་སློབ་གསོ་ཡང་ཡང་བཏང་ནའང་ཡོ་བསྲང་མི་བྱེད་པ། བློ་ཁ་མ་མཐུན་པའི་དབང་གིས་ལོགས་བཀར་བསྡད་ནས་ལོ་གཉིས་སོང་བ་བཅས་གོང་གསལ་གྱི་གནད་དོན་ཡོད་པ་མ་ཟད། བར་འདུམ་བྱས་ཀྱང་ཕན་ནུས་མི་ཐོན་པ་ཡིན་ན་གཉེན་འཐོར་ཆོག་འཁྲོལ་སྤྲོད་དགོས། (2)ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་པ་ཁྱབ་བསྒྲགས་བྱས་རྗེས། གཅིག་ཤོས་ཀྱིས་གཉེན་འཐོར་གཏུག་བཤེར་བྱས་པ་ཡིན་ན། གཉེན་འཐོར་ཆོག་འཁྲོལ་སྤྲོད་དགོས། (3)མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་བྱེད་མི་ཆོག་པའི་དཔྱད་མཚམས་བཏང་རྗེས་ཕྱོགས་གཉིས་ཀ་སླར་ཡང་ལོགས་བཀར་བསྡད་ནས་ལོ་གཅིག་སོང་བ་དང་ཕྱོགས་གཅིག་གིས་ཡང་བསྐྱར་གཉེན་འཐོར་གཏུག་བཤེར་བྱས་པ་ཡིན་ན། གཉེན་འཐོར་ཆོག་འཁྲོལ་སྤྲོད་དགོས།

    62. ཕ་མ་གཉིས་གཉེན་འཐོར་བྱེད་སྐབས་བུ་ཕྲུག་གི་གསོ་སྐྱོང་དབང་ཆ་ཇི་ལྟར་གཏན་འཁེལ་བྱེད་དགོས་སམ།

    དོན་ཚན་ཆིག་སྟོང་དང་གྱ་བཞི་པ། ཕ་མ་དང་བུ་ཕྲུག་དབར་གྱི་འབྲེལ་བ་དེ་ཕ་མ་གཉིས་གཉེན་འཐོར་བྱས་པའི་རྐྱེན་གྱིས་མེད་པར་འགྱུར་བ་མིན། གཉེན་འཐོར་བྱས་རྗེས་བུ་ཕྲུག་ཕའམ་མ་སུས་དངོས་སུ་གསོ་སྐྱོང་བྱེད་ཀྱང་སྔར་བཞིན་ཕ་མ་གཉིས་ཀའི་བུ་ཕྲུག་ཡིན། གཉེན་འཐོར་བྱས་རྗེས་ཕ་མར་སྔར་བཞིན་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་ཁེ་དབང་དང་འོས་འགན་ཡོད། གཉེན་འཐོར་རྗེས་ལོ་གཉིས་མ་ལོན་པའི་བུ་ཕྲུག་ནི་ཨ་མས་དངོས་སུ་གསོ་སྐྱོང་བྱེད་དགོས་པ་རྩ་དོན་དུ་འཛིན་དགོས། ལོ་གཉིས་ལོན་ཟིན་པའི་བུ་ཕྲུག་ནི་སུས་གསོ་སྐྱོང་བྱེད་པའི་ཐད་དུ་ཕ་མ་གཉིས་གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་གནས་ཚུལ་དངོས་གཞིར་བཟུང་ནར་མ་སོན་པའི་བུ་ཕྲུག་ལ་ཕན་ཐོགས་ཆེ་ཤོས་འཐོབ་རྒྱུའི་རྩ་དོན་ལྟར་དཔྱད་མཚམས་གཏོང་དགོས། ལོ་བརྒྱད་ལོན་ཟིན་པའི་བུ་ཕྲུག་ཡིན་ན་དེའི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    གཉེན་འཐོར་རྗེས་ཁྱོ་ཤུག་གཉིས་གཉེན་སྒྲིག་བྱས་པ་ལས་བྱུང་བའི་མི་ལུས་ཀྱི་འབྲེལ་བ་དང་རྒྱུ་ནོར་གྱི་འབྲེལ་བ་མེད་པར་འགྱུར་བ་ཡིན་མོད། འོན་ཀྱང་ཕ་མ་དང་བུ་ཕྲུག་དབར་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པས་ཕ་མ་གཉིས་གཉེན་འཐོར་བའི་རྐྱེན་གྱིས་མེད་པར་འགྱུར་བ་མིན། གཉེན་འཐོར་རྗེས་ཕ་མར་སྔར་བཞིན་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་ཁེ་དབང་དང་འོས་འགན་ཡོད། གཉེན་འཐོར་བའི་རྐྱེན་གྱིས་ཕ་མ་དང་བུ་ཕྲུག་དབར་གྱི་འབྲེལ་བ་དེ་མེད་པར་མི་འགྱུར་བ་ཡིན་མོད། འོན་ཀྱང་གསོ་སྐྱོང་བྱེད་སྟངས་ཐད་འགྱུར་ལྡོག་འགྲོ་གི་ཡོད། ཕ་མ་གཉིས་བུ་ཕྲུག་གསོ་སྐྱོང་བྱེད་པའི་ཐད་གྲོས་ཁ་མ་མཐུན་ཚེ་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་ཕན་པ་ཡོད་པ་དང་བུ་ཕྲུག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུ་དེ་བུ་ཕྲུག་གསོ་སྐྱོང་དབང་ཆ་སུར་སྤྲོད་མིན་གྱི་གཞི་འཛིན་ས་དང་གཞི་རྩའི་རྩ་དོན་ཡིན།

    63. གཉེན་འཐོར་བྱེད་དུས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཇི་ལྟར་བགོ་དགོས་སམ།

    དོན་ཚན་ཆིག་སྟོང་དང་གྱ་བདུན་པ། གཉེན་འཐོར་རྗེས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ནི་ཕྱོགས་གཉིས་ཀས་གྲོས་མཐུན་བཞག་ནས་ཐག་གཅོད་བྱེད་དགོས། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་གྱི་གནས་ཚུལ་དངོས་གཞིར་བཟུང་བུ་ཕྲུག་དང་བུད་མེད་ཀྱི་ཕྱོགས་དང་། ནོར་འཛོལ་མེད་པའི་ཕྱོགས་ཀྱི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལྟར་དཔྱད་མཚམས་གཏོང་དགོས། ཁྱིམ་ཚང་གི་ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་རིང་ཁྱོའམ་ཤུག་ལ་སྤྱོད་རྒྱུ་ཡོད་པའི་ཁེ་དབང་སོགས་ལ་ནི་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    ཁྱོ་ཤུག་ཕྱོགས་གཉིས་པོ་གཉེན་འཐོར་རྗེས་རྒྱུ་ནོར་གྱི་གནད་དོན་རང་དགར་གྲོས་མཐུན་བཞག་ནས་ཐག་གཅོད་བྱེད་ཆོག་པ་དང་གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་མི་སྒེར་གྱི་རྒྱུ་ནོར་དང་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གསལ་པོ་བཟོ་བའི་ཆ་རྐྱེན་འོག་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་། བུ་ཕྲུག་དང་བུད་མེད་ཀྱི་ཕྱོགས་དང་ནོར་འཛོལ་མེད་མཁན་ཕྱོགས་ཀྱི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་གཞིར་བཟུང་དཔྱད་མཚམས་གཏོང་དགོས། སྤྱིར་བཏང་བྱས་ན་ཁྱོ་ཤུག་གཉེན་འཐོར་རྗེས་ཁྱིམ་ཚང་གི་ཁོངས་མིའི་ཁྲོད་ནས་ནར་མ་སོན་པའི་བུ་ཕྲུག་དང་བུད་མེད་ནི་གནོད་འཚེ་ཕོག་མཁན་ཡིན་སྟབས། གཉེན་འཐོར་གྱི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས་བུ་ཕྲུག་དང་བུད་མེད་ཀྱི་ཁེ་དབང་འགན་ལེན་བྱ་རྒྱུའི་ཐད་ལྷག་པར་དུ་ནན་བཤད་བྱེད་དགོས་ཀྱི་ཡོད། ཡིན་ནའང་དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ཕོ་མོ་གཉིས་པོ་སྟབས་མི་ལེགས་པའི་གཉེན་སྒྲིག་དེའི་ཁྲོད་ཀྱི་གནོད་འཚེ་ཕོག་མཁན་ལ་འགྱུར་སྲིད། ནོར་འཛོལ་མེད་མཁན་ལ་ལྟ་རྟོག་བྱེད་པ་དེ་ལས་བཅའ་ཁྲིམས་ཀྱི་དྲང་བཞག་དྲང་བདེན་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།