དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཞིང་ཆེན་15དང་གྲོང་ཁྱེར་23བརྒྱུད་ནས་གྱོད་འབྲེལ་མ་དངུལ་སྒོར་452743.33གྲངས་ཚང་འདེད་ལེན་ཐུབ་པ།

    བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་མང་པོ་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-27

    ད་ལོ་བཞད་མཐོང་སྨོན་རྫོང་མུལ་པ་བྱེ་ཆེན་ཤང་གི་སྤེན་ཆེ་གེ་མོས་དྲ་ཐོག་ནས་དངུལ་གཡར་སྐབས་སྒོར་95089.23མགོ་སྐོར་ཐེབས་པ་རེད། ཉེ་ཆར། མགོ་སྐོར་ཐེབས་པའི་དངུལ་ཆ་ཚང་རྩིས་ཁྲར་བླུགས་པའི་འཕྲིན་ཐུང་ལ་ལྟ་བཞིན། སྤེན་ཆེ་གེ་མོས་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ལ་ཐུཌ་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་བྲིས་ནས་ཁོ་རང་གི་བཀའ་དྲིན་ཚོར་སེམས་མཚོན་པར་བྱས།

    ད་ལོ་ནས་བཟུང་། མི་དམངས་མང་ཚོགས་ཀྱི“དངུལ་ཁུག”བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་ཆེད། བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་རྩད་གཅོད་དང་། རྒྱུ་ནོར་བདའ་འདེད། གྱོང་གུན་ཆུང་དུ་གཏོང་བ་བཅས་ལ་མཐོང་ཆེན་བྱས་ཏེ། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ནས་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཤིང་། ཟླ་བ་གསུམ་ལྷག་ཙམ་རིང་། ཞིང་ཆེན་15དང་གྲོང་ཁྱེར་23བརྒྱུད་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་གསུམ་རྩད་ཆོད་པ་མ་ཟད། གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་ལྔའི་གྱོད་འབྲེལ་མ་དངུལ་སྒོར་452743.33གྲངས་ཚང་འདེད་ལེན་ཐུབ་པ་རེད།

    གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་མང་པོ་ཐོན་པས་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ད་ལོ་གནོད་འཚེ་ཕོག་མཁན་ལྔ་ཡིས་གྱོད་དོན་སྙན་སེང་ཞུས་རྗེས། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་རེད།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མ་དངུལ་འགྲོ་རྒྱུག་ལ་རྗེས་འདེད་དང་གློག་རྡུལ་གྲངས་གཞིའི་དཔང་ལེན་ལག་རྩལ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྤྱད་དེ། གྱོད་འབྲེལ་རྩིས་ཁྲར་ཞིབ་བཤེར་རྩད་གཅོད་གཏིང་ཟབ་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལིན་ཆེ་གེ་མོས་ཁོག་སྟོང་ཚོང་ཁང་མང་པོ་ཐོ་འགོད་བྱས་ཤིང་། ཁོག་སྟོང་ཚོང་ཁང་དེ་དག་འགེབས་སྲུང་དུ་བྱས་ཏེ། ཚོང་ཁང་གི་མ་དངུལ་འཁོར་རྒྱུག་རྩིས་ཁྲ་རྫུན་མ་བཟོས་ནས་ཁ་བསླུས་བརྒྱབ་པའི་དངུལ་དག་ཁྲིམས་མཐུན་ཉོ་ཚོང་དང་མཉམ་བསྲེས་བྱས་ནས་མ་དངུལ་གྱི་ཁྲིམས་འགལ་ཡོང་ཁུངས་འགེབས་ཐབས་བྱས། ཉེས་གསོག་དོགས་ཅན་ཉེ་ཆེ་གེ་མོས་ཟོག་ཉོའི་ལས་སྟེགས་ཤིག་ལ་བརྟེན་ནས་རིམ་པ་མཐོ་བའི་གྲངས་འཛིན་ཐོན་རྫས་སོགས་རིན་ཐང་མཐོ་བའི་ཚོང་ཟོག་འབོར་ཆེན་ཉོས་པ་དང་། འཕྲལ་སྐྱེལ་ཞབས་ཞུ་བརྒྱུད་དྲ་ཕྱི་ནས་མགྱོགས་མྱུར་ཚོང་ཟོག་བསྡུ་ལེན་བྱས་པ་དང་དེ་ནས་མ་དངུལ་མགྱོགས་མྱུར་སྤོ་སྒྱུར་བྱས་པ་རེད།

    མྱུལ་ཞིབ་དང་འདྲི་རྩད་བྱེད་རིང་ཤེས་རྟོགས་བྱུང་བར། ཉེས་གསོག་དོགས་ཅན་གྱིས་ཁྲིམས་འགལ་གྱི་ཁེ་སྤོགས་མང་པོ་ཐོབ་ཆེད། མ་དངུལ་དེ་ཁ་བསླུས་དང་འབྲེལ་བ་ཡོད་པ་གསལ་པོ་ཤེས་བཞིན་དུ་སྔར་བཞིན་བཙོག་དངུལ་གཙང་སྒྱུར་གྱི་ཉེས་གསོག་ལ་རོཌ་རམ་བྱས་ནས་མ་དངུལ་སྤོ་སྒྱུར་བྱས་ཏེ་མི་སྒེར་གྱི་རྩིས་ཁྲ་མཁོ་འདོན་བྱས་པ་དང་། ཁོག་སྟོང་ཚོང་ཁང་དང་ཉོ་སྒྲུབ་ལས་སྟེགས་ཤིག་དབར་ཉོ་ཚོང་བྱས་ནས་མ་དངུལ་སྤོ་སྒྱུར་རགས་ཙམ་བྱས་རྗེས། ཉིས་བརྒྱུད་ཁྲོམ་ར་ནས་མགྱོགས་མྱུར་བཙོངས་ཏེ་དངུལ་སྨར་དུ་བསྒྱུར་བ་དང་དངུལ་ལོར་ཉོ་ཚོང་ལས་སྟེགས་རྫུན་མར་བརྟེན་ནས་མ་དངུལ་སྤོ་སྒྱུར་བྱས་ཡོད།

    མཐར་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ས་གནས་མང་པོ་ཞིག་གི་ཉེན་རྟོག་ཕྱོགས་ཀྱི་མཐུན་སྦྱོར་འོག ཉེས་གསོག་དོགས་ཅན་7ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་བྱེད་ཐབས་སྤྱད་པ་དང་གྱོད་འབྲེལ་རྩིས་ཁྲའི་འབྲེལ་ཡོད་མི་སྣ་36གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མི་ཞུགས་པའི་ཁས་ལེན་ཡི་གེར་མིང་བཀོད་པ་དང་། འབྲེལ་གཅོད་ཁུངས་སྣེ་12རྩིས་སྤྲོད་བྱས་ནས་རྡུང་རྡེག་དང་སློབ་གསོ་ཟུང་འབྲེལ་བྱས་པ་བརྒྱུད། ཟིལ་གནོན་གྱི་ཕན་འབྲས་ཆེན་པོ་ཐོན་པ་རེད།

    ཞིང་ཆེན་15དང་གྲོང་ཁྱེར་23ནས་ཁུངས་སྣེ་རེ་རེ་རྩད་གཅོད་བྱས་ཤིང་། ཟླ་བ་ཁ་ཤས་བསྟུད་མར་ཉིན་མཚན་མེད་པར་འཇབ་སྒུག་དང་རྗེས་འདེད་གཏོང་རིང་། དཀའ་ངལ་མང་པོ་འཕྲད་པ་སྨོས་མེད་ཡིན་ནའང་། གྱོད་སྒྲུབ་ཉེན་རྟོག་པས“ང་དང་ལས་རོགས་རྣམས་ཀྱིས་དཀའ་ངལ་གདོང་གིས་བསུས་ནས་མང་ཚོཌ་ལ་མགོ་སྐོར་ཐེབས་པའི་དངུལ་ཆ་ཚང་འདེད་ལེན་ཐུབ་པ་དང་ཁ་བསླུས་ངོ་རྒོལ་གྱི་གཡུལ་ས་ཀུན་ཏུ་དྲང་བདེན་གྱི་འོད་སྣང་འཕྲོ་བར་བྱེད་ཀྱིཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།