ཁང་དམར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ར་བཟི་ནས་རླངས་འཁོར་གཏོང་མཁན་ཞིག་བཟུང་བ།
ཉེ་ཆར། ཁང་དམར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་འགྲོ་འོང་རླངས་འཁོར་ལ་འཆར་ཅན་ཞིབ་བཤེར་བྱེད་སྐབས། ར་བཟི་ནས་རླངས་འཁོར་གཏོང་མཁན་ཞིག་ཞིབ་བཤེར་ཐུབ་པ་རེད།
ཁང་དམར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་ནོར་བུ་ཚེ་རིང་གིས། “སྐབས་དེ་དུས་ང་དང་ལས་རོགས་ཚོས་ཁོངས་གཏོགས་ཁུལ་དུ་འགྲོ་འོང་རླངས་འཁོར་ལ་འཆར་ཅན་ཞིབ་བཤེར་བྱེད་སྐབས། ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་རླངས་འཁོར་གཞན་དང་མི་འདྲ་བར། འགྲོ་ཙམ་སྡོད་ཙམ་བྱེད་པ་མཐོང་བྱུང”ཞེས་ངོ་སྤྲོད་བྱས།
དེས་ན་འགྲིམ་འགྲུལ་ཉེན་རྟོག་པ་ཚུལ་དེར་དོགས་པ་ཆེན་པོ་སྐྱེས་ནས། ཟོག་འདྲེན་རླངས་འཁོར་དེ་ལམ་ཟུར་དུ་འཕྲལ་མར་ཁ་བཀག་ནས་ཞིབ་བཤེར་དང་ལེན་བྱེད་དགོས་པའི་ལག་བརྡ་བཏང་ཞིང་། མཐར་ཆེ་གེ་མོར་དབུགས་འབྱིན་ཆང་བཅུད་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ཆང་བཅུད་འདུས་ཚད་69mg/100mLཟིན་པས་ཁོ་པར་ཆང་བཏུངས་འཁོར་གཏོང་གི་དོགས་གཞི་ཡོད་པ་ཤེས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འགྲིམ་འགྲུལ་ཉེན་རྟོག་པས་ཁ་ལོ་བ་མཐར་ཆེ་གེ་མོར་དངུལ་ཆད་སྒོར་1000གཏོང་རྒྱུ་དང་། ཁ་ལོ་བའི་ལག་འཁྱེར་ནས་སྐར་མ་12གཅོག་རྒྱུ། ཁ་ལོ་བའི་ལག་འཁྱེར་ཟླ་བ་དྲུག་རིང་གནས་སྐབས་བཙན་ཉར་བྱེད་རྒྱུ་བཅས་ཀྱི་ཉེས་ཆད་བཏང་བ་རེད། མི་དམངས་ཉེན་རྟོག་པས་ཁོ་པར་སྐྱོན་བརྗོད་ནན་པོ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་སློབ་གསོ་བཏང་བས། མཐར་ཆེ་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་གསལ་པོ་ཤེས་ནས། ཕྱིས་སུ་གནས་ཚུལ་དེ་རིགས་མ་ཐོན་པར་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱས་པ་རེད།