དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི་གཉིས་བདེ་བླག་ངང་ཐག་གཅོད་བྱས་པ།
ཁྲིམས་འཛིན་ལག་ལེན་ཁྲོད། ལག་བསྟར་དཀའ་བ་ནི་ཁྲིམས་ཁང་ལ་ཐོག་མཐའ་བར་གསུམ་དུ་འཕྲད་པའི་དཀའ་གནད་ཆེན་པོ་ཞིག་རེད། དེའང་ལག་བསྟར་བྱ་ཡུལ་ལ་བུན་འཇལ་གྱི་ནུས་པ་མེད་པ་དང་ལག་ཏུ་ནོར་ལུག་སོགས་ལས་རྒྱུ་དངོས་གཞན་མེད་སྟབས། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གིས་སྟབས་བསྟུན་གྱི་ལག་བསྟར་བྱེད་ཐབས་སྤྱད་དེ། བུ་ལོན་གྱི་ཚབ་ཏུ་ནོར་ལུག་སྤྲོད་པའི་ལག་བསྟར་གྱོད་གཞི་གཉིས་འདུམ་འགྲིག་བདེ་བླག་བྱས་ཤིང་། བྱ་སྤྱོད་དངོས་ལ་བརྟེན་ནས་ལག་བསྟར་རེ་ཞུ་བྱེད་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་པ་རེད།
གྱོད་གཞིའི་ཁྲོད། ལག་བསྟར་རེ་འདུན་ཞུ་མི་བཀྲ་ཆེ་གེ་མོ་དང་ལག་བསྟར་བྱ་ཡུལ་དབང་ཆེ་གེ་མོ་གཉིས་ཀྱི་གཉེན་སྒྲིག་རྩོད་གཞིའི་གྱོད་དོན་དེ་ཁྲིམས་ཁང་གིས་འདུམ་འགྲིག་བྱས་ཤིང་། ལག་བསྟར་བྱ་ཡུལ་དབང་ཆེ་གེ་མོས་སྔ་ཕྱི་བར་གསུམ་དུ་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་བྱིས་པའི་གསོ་རྟེན་སྤྲད་མེད་པ་རེད། ལག་བསྟར་ཁྲིམས་དཔོན་གྱིས་འཕྲལ་མར་ཕྱོཌ་གཉིས་པོར་བུ་ལོན་གྱི་ཚབ་ཏུ་ལུག་སྤྲོད་པའི་ཐག་གཅོད་བྱེད་ཐབས་བཏོན་པས་ཕྱོགས་གཉིས་པོའི་མོས་མཐུན་ཐོབ་པ་དང་། མཐར་ལུག་རེར་ཆ་སྙོམས་སྒོར་1000བྱས་ཏེ་བུ་ལོན་འཇལ་རྒྱུར་གྲོས་འཆམ་བྱུང་བ་དང་ལུག་8སྤྲད་ནས་གྱོད་གཞི་ཐག་བཅད་བདེ་བླག་བྱས་པ་རེད།
གྱོད་གཞི་གཞན་ཞིག་ནི་བསོད་ཆེ་གེ་མོ་དང་རྡོ་ཆེ་གེ་མོ་གཉིས་དབར་གྱི་ཁེ་ཕན་བགོ་སྟངས་གཅིག་མཐུན་མ་བྱུང་བའི་གྱོད་གཞི་ཞིག་སྟེ། དོ་བདག་གཉིས་པོའི་སྡོད་ས་ནི་དཔལ་མགོན་རྫོང་ཕྱིང་ལུང་གདོང་དཀར་ཁྲིམས་སའི་ཁོངས་སུ་ཡོད། ཁྲིམས་སར་བཅའ་སྡོད་ཉེན་རྟོག་པའི་རོགས་རམ་འོག ལག་བསྟར་ཁྲིམས་དཔོན་དང་བཅས་པ་ཞུ་སྦྱོར་ཕྱི་མ་རྡོ་ཆེ་གེ་མོ་གནས་ཡུལ་དུ་བསྐྱོད་དེ་ལག་བསྟར་བྱས་པ་རེད། གོང་གི་གྱོད་གཞིའི་ཉམས་མྱོང་ལ་གཞིགས་ནས་གྱོད་སྒྲུབ་མི་སྣས་འཕྲལ་མར་བསམ་ཕྱོགས་བསྒྱུར་ཏེ་གྲོས་བསྡུར་ཡུན་རིང་བྱས་པ་བརྒྱུད། མཐར་ཕྱོགས་གཉིས་པོའི་དབར་བུ་ལོན་གྱི་ཚབ་ཏུ་ཕྱུགས་རིགས་སྤྲོད་རྒྱུའི་གྲོས་འཆམ་བྱུང་བ་མ་ཟད། ས་གནས་ས་ཐོག་ཏུ་རྩིས་སྤྲད་པས་གྱོད་གཞི་ཐག་བཅད་བདེ་བླག་བྱུང་བ་རེད།