རྣམ་པ་གསར་རྐྱང་གི་གསར་བརྗེའི་མཛད་སྒོ་ཞིག
རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས“ཏང་འཛུགས་སྐྱོང་དང་དབྱར་རྩྭ་དགུན་འབུ་འཐུ་བ་ཟུང་འབྲེལ”བྱས་པའི་སྐོར་བཀོད་པ།
འདི་ནི་ཏང་ལ་ཞུགས་པའི་དམ་བཅའ་ཡང་བསྐྱར་འཇོག་སྐབས་འབའ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཏང་ཡོན་ལ་ཏང་རྟགས་འདོགས་བཞིན་པ།
ཟླ་4ཚེས་20ཉིན་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་སུ་སླེབས་ཤིང་། ས་བབ་སྨི་4400ཟིན་པའི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དགའ་ནང་དུ་དམར་མདངས་བཀྲ་བའི་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་དང་ཏང་ཡོན་ཞིང་འབྲོག་པའི་ངོ་གདོང་ནས་བློ་རྩ་བརྟན་ལ་ལྷག་བསམ་དག་པའི་རྣམ་འགྱུར་མངོན་བཞིན་མཆིས།
དེ་དང་ཆབས་ཅིག་རྣམ་པ་གསར་རྐྱང་གི“གསར་བརྗེའི་མཛད་སྒོ”ཞིག་འདི་གར་འཚོགས་པ་སྟེ། འབའ་ཤང་མངགས་གཏོང་ཁང་གིས་གནས་སྐབས་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ཏེ་ཏང་ཡོན་ཞིང་འབྲོག་པ་50ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཏང་ཞུགས་དམ་བཅའ་ཡང་བསྐྱར་བཞག་པ་དང་ཏང་རྩ་འཛུགས་དབྱར་རྩྭ་དགུན་འབུ་འཐུ་བའི་འཐབ་ས་དང་པོར་སྣུར་སྲིང་བྱས་པ་རེད།
དབྱར་རྩྭ་དགུན་འབུ་འཐུ་བའི་དུས་སུ་རྒྱ་ཚ་རྫོང་དུ་ཉིན་རེར་ཆ་སྙོམས་མང་ཚོགས་7000ལྷག་ཙམ་རིར་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་གི་ཡོད་པ་རེད། འབའ་ཤང་མངགས་གཏོང་ཁང་གིས་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་ཏང་ཡོན་དང་མང་ཚོགས་གཅིག་སྡུད་ཆེ་བའི་གོ་སྐབས་བཟང་པོ་དམ་འཛིན་གང་ལེགས་བྱས་ཏེ“ཀྲི་པུའུ་གུར་ནང་འཛུགས་པ་དང་། ཏང་དར་གུར་སྟེང་ལྷབ་ལྷུབ་ཏུ་གཡོ་བའི”ཏང་འཛུགས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། དབྱར་རྩྭ་དགུན་འབུ་འཐུ་སར་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དེ་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་། རྩོད་གཞི་འདུམ་འགྲིག སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོར་མཉམ་འདྲེས་བྱས་པ་རེད།
བྱེད་ཐབས་དེ་ནི་མངགས་གཏོང་ཁང་གིས“ཏང་འཛུགས་སྐྱོང་དང་དབྱར་རྩྭ་དགུན་འབུ་འཐུ་བ་ཟུང་འབྲེལ”གྱི་ལས་ཀའི་རྣམ་པ་གཏིང་ཟབ་ཏུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཞི་རིམ་དུ་ལག་ལེན་ཞིབ་ཕྲ་བསྟར་བ་ཞིག་ཀྱང་ཡིན། “ཏང་ཡོན་གྱིས་ཐོབ་ཐང་མངོན་ནས་ཞབས་འདེགས་ཧུར་ཐག་ཞུ་བ”ནི་འདི་ལོའི་དབྱར་རྩྭ་དགུན་འབུ་འཐུ་རིང་མང་ཚོགས་ལ་མྱོང་ཚོར་ཟབ་ཤོས་བྱུང་བ་ཞིག་རེད།
“མེ་ཤིང་འདང་བ་འདུག་གམ”ཏང་ཡོན་བསོད་ནམས་ཀྱིས་བགྲེས་སོང་ཨ་ལས་ཀྱི་འགྲམ་དུ་མེ་ཤིང་བསྐྱལ། དབྱར་རྩྭ་དགུན་འབུ་འཐུ་མཁན་ཨ་ཁུ་ཨ་ལས་ཀྱི་རྐང་པ་དེ་ཙམ་ཐང་པོ་མེད་པས། བསོད་ནམས་ཀྱིས་གྲོག་རོང་དུ་གནམ་གཤིས་གྲང་བས་བགྲེས་སོང་གི་རྐང་པའི་ནད་གཞི་སྡུག་ཏུ་ཕྱིན་ཡོང་སྙམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད། ཉིན་ལྟར་རི་ལས་བབས་རྗེས། ཁོང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཉེ་འགྲམ་ཀྱི་མེ་ཤིང་བསྒྲུགས་ནས་བགྲེས་སོང་ལ་སྐྱེལ་གྱི་ཡོད།
“གད་སྙིགས་གང་བྱུང་དུ་མ་གཡུགས་པར། དགྱིག་ཤོག་ནང་དུ་བླུགས་ནས་ཁྱེར་རོགས”མཐའ་འཁོར་དུ་གད་སྙིགས་ཡོད་པ་མཐོང་ཚེ་ཏང་ཡོན་སྐལ་བཟང་སྒྲོལ་དཀར་གྱིས་རྟག་ཏུ་གད་སྙིགས་བསྒྲུགས་ནས་འགྱིག་ཤོག་ནང་དུ་བླུགས་ཀྱི་ཡོད། ཉེ་འཁོར་མང་ཚོགས་ཀྱིས་དེ་མཐོང་རྗེས་རང་འགུལ་གྱིས་གད་སྙིགས་བསྒྲུགས་རོགས་བྱེད་ཀྱི་ཡོད།
དགའ་ནང་དབྱར་རྩྭ་དགུན་འབུ་འཐུ་ས་ནི་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་ས་20ལྷག་ཙམ་ལ“ཏང་འཛུགས་སྐྱོང་དང་དབྱར་རྩྭ་དགུན་འབུ་འཐུ་ས་ཟུང་འབྲེལ”གྱི་ལས་དོན་སྤེལ་བའི་བསྡུས་རིས་ཤིག་རེད།