དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རི་ཀླུང་ཁ་བས་གཡོགས་ནའང་། འགན་འཁྲི་སྒྲུབ་པར་དཔའ་མི་ཞུམ།

    མངའ་རིས་དམག་ཁུལ་ཡན་ལག་ཁང་མཐའ་སྲུང་ཐོན་ཤོག་ཅིག་གི་དཔོན་དམག་ཚོས་སྐོར་གཡེང་བྱེད་པའི་གནས་ཚུལ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    འདི་ནི་དཔོན་དམག་ཚོས་སྐོར་གཡེང་བྱེད་བཞིན་པ།

    མངའ་རིས་དམག་ཁུལ་ཡན་ལག་ཁང་མཐའ་སྲུང་ལེན་ཤོག་ཅིག་གི་དམག་སྒར་ལ་གློ་བུར་དུ་འདུ་འཛོམས་ཤུ་སྒྲ་གྲགས་པས། དམག་སྒར་གྱི་ལྷིང་འཇགས་རྣམ་པ་ཧད་ཀྱིས་དཀྲོགས། དཔོན་དམག་ཚོས་འཕྲལ་དུ་མལ་ལས་ལངས་ནས་བདེ་ཅག་འཁྱུག་པོས་དམག་ཆས་གྱོན་རྗེས་མཚོན་ཆར་ཞིབ་བཤེར་ཞིབ་ཚགས་བྱས།

    ཉིན་དེར། ཁོང་ཚོ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་རིའི་ཉག་ཁ་ཞིག་ཏུ་སྐོར་གཡེང་ལ་བསྐྱོད་ཅིང་། དེའི་ས་བབ་ཀྱི་ཆགས་ཚུལ་རྙོག་འཛིང་ཆེ་ལ་གནམ་གཤིས་ཀྱི་འགྱུར་ལྡོག་ཆེ་བའི་ཐོག་ལོ་འཁོར་མོར་གངས་དང་ཁ་བས་གཡོགས་པ་མ་ཟད། གངས་རྡིབ་པ་དང་རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། དེ་ནི་མཐའ་སྲུང་དོ་དམ་དང་ཚོད་འཛིན་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་གྱུར་ཡོད།

    བཀོད་འདོམས་པས་བཀའ་ཕབ་མ་ཐག་སྐོར་གཡེང་རླངས་འཁོར་དལ་གྱིས་དམག་སྒར་ནས་ཐོན། ནམ་དུས་དེར་མངའ་རིས་ས་མཐོར་དྲོད་ཚད་སྔར་བཞིན་དམའ་པོ་ཡོད་པས། གཞུང་ལམ་གང་སར་གངས་མཐུག་པོས་བཀབ་ནས་རླངས་འཁོར་གྱི་འཁོར་ལོ་ཡང་སེ་འདྲེད་བརྡར་ཤོར་བ་དང་མུ་མཐུད་མདུན་སྐྱོད་བྱེད་པར་དཀའ་ངལ་གང་མང་འཕྲད་བཞིན་ཡོད། བདེ་འཇགས་ལ་འགན་ལེན་བྱ་ཕྱིར་དཔོན་དམག་ཚོས་རླངས་འཁོར་ནས་བབས་ཏེ་རྐང་ཐང་མར་བསྐྱོད་ཅིང་། སྐོར་གཡེང་བྱས་ནས་དུས་ཡུན་རིང་པོ་མ་ཕྱིན་པར་གནམ་གཤིས་གློ་བུར་དུ་འགྱུར་ལྡོག་བྱུང་སྟེ་ཁ་བ་བུ་ཡུག་འཚུབ། མ་གཞི་ནས་འགྲོ་སྐྱོད་དཀའ་བའི་ལམ་ཁ་སྔར་བས་ཉེན་ཁ་ཆེ་རུ་ཕྱིན། རླུང་བུ་འུར་འུར་ལྡང་བ་དང་ཁ་བ་ལྷབ་ལྷུབ་ཏུ་བབས་ཏེ་དཔོན་དམག་ཚོའི་མིག་ཀྱང་ཕྱེ་མི་ཐུབ་པ་དང་དྲོད་ཚད་ཀྱང་ཤུགས་ཆེན་ཆག་སྟེ་ཁོང་ཚོའི་མིག་གི་རྫི་མར་འཁྱགས་པ་ཆགས་ལ། རྐང་ལག་ཀྱང་འཁྱགས་ནས་ཚོར་བ་མེད་པར་གྱུར།

    གཟར་ཚད་ལ་ཏུའུ་50ཟིན་པའི་རི་མཐོ་གཡང་གཟར་གྱི་རི་ལྡེབས་ཤིག་ཏུ་སླེབས་སྐབས་གངས་གསོག་ཐེབས་ཚད་པུས་མོའི་བར་ཟིན་པས། དཔོན་དམག་ཚོས་ལག་པ་ས་ལ་བཙུགས་ནས་འགྲམ་གྱི་བྲག་རྡོ་དང་རྩི་ཤིང་ལ་དམ་པོར་འཐམས་ཏེ་དལ་གྱིས་རི་རྩེར་འཛེགས།

    ཆུ་ཚོད་དྲུག་ཙམ་ལ་བརྒྱབ་ཀླུང་བརྒལ་བྱས་རྗེས། དཔོན་དམག་ཚོས་རི་ལམ་ཀྱག་ཀྱོག་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བ། གསོ་རླུང་དཀོན་པ་བཅས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་གངས་རི་དང་། འཁྱགས་པ། ཆུ་བོ་བཅས་བསྒྲལ་རྗེས་མཐར་སྐོར་གཡེང་རུ་ཁག་དམིགས་སར་འབྱོར་ཞིང་། འཐབ་འཛིང་པས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བསྒྲེངས་ནས་གྲང་རླུང་ཁྲོད་བརྗིད་ཉམས་ལྡན་པའི་ངང“ང་ཚོ་རྐང་པ་འཛུགས་སའི་ས་ཆ་འདི་ནི་ཀྲུང་གོའི་ས་ཆ་ཡིན། ང་ཚོས་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོབ་བྱེད”ཅེས་བཤད། རི་ཤུལ་དུ་དམ་བཅའི་ཚིག་དེའི་བྲག་ཅ་ཡུན་རིང་གྲགས་ཤིང་། མཐའ་སྲུང་དཔོན་དམག་ཚོས་མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་བདག་དབང་མཐའ་གཅིག་ཏུ་སྲུང་བའི་ཆོད་སེམས་མཚོན་ལ། མེས་རྒྱལ་དང་མི་དམངས་ལ་བཅངས་པའི་ཁོང་ཚོའི་ལྷག་བསམ་ཟོལ་མེད་ཀྱང་མངོན་ཡོད།

    སྐོར་གཡེང་བྱེད་པའི་ཉིན་དེར་ཏག་ཏག་དམག་གསར་ཏང་ཀྲེང་ཧུད་ལོ་21ལ་སླེབས་པའི་སྐྱེས་སྐར་འཁེལ་གྱི་ཡོད། མཱ་ཡུང་གིས“སྐོར་གཡེང་ལམ་དུ་ཆ་རྐྱེན་ཞན་པ་དང་དཀའ་ངལ་སྣ་ཚོགས་འཕྲད་ནའང་། ང་ཚོས་ངལ་གསོའི་བར་གསེང་དུ་གངས་བཞུར་བའི་ཆུ་ཁོལ་ནང་སྟབས་བདེའི་ཐུག་པ་སྦངས་པ་དང་། དེའི་ཐོག་བྱ་ཤ་བླུགས་པ་མ་ཟད། ད་དུང་གངས་སྤུངས་ནས་སྙིང་གཟུགས་ཤིག་ཀྱང་བཟོས་པ་ཡིན། རི་ཀླུང་ཁ་བས་གཡོགས་པའི་ས་ཆར་ཁོང་ལ་བརྗེད་པར་དཀའ་བའི་དྲོ་སོབ་སོབ་ཀྱི་སྐྱེས་སྐར་ཅིག་བཏང་བ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་དཔོན་དམག་ཚོས། དེ་ལྟར་ལོ་དང་ལོ་བསྟུད་ནས་མེས་རྒྱལ་གྱི་མཐའ་མཚམས་ས་ཁུལ་གྱི་མངའ་ཁོངས་ས་ཆར་རང་ཉིད་ངོ་མས་སྐོར་གཡེང་བྱས་ནས་ཚེ་སྲོག་ལ་བརྟེན་ཏེ་རྒྱལ་ཁབ་ཀྱི་ལ་རྒྱ་སྲུང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་མཐའ་སྲུང་དམག་མིའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།