ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་མངགས་གཏོང་ཁང་གིས“གཟའ་འཁོར་རེའི་འཚམས་འདྲིའི་བྱ་སྤྱོད”སྤེལ་ནས་གཞི་རིམ་གྱི་དུས་བདེའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།
གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་བཏང་ནས་ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་ཆེད། ལོ་སྟོད་ཚུན་དུ། འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཤ་གསོས་ཤང་མངགས་གཏོང་ཁང་གིས“གཟའ་འཁོར་རེའི་འཚམས་འདྲིའི་བྱ་སྤྱོད”གསར་གཏོད་ངང་སྤེལ་ཏེ་ཁྱིམ་དུ་འཚམས་འདྲིར་སྐྱོད་པ་དང་། སྲིད་ཇུས་སྒྲོག་འགྲེལ། དམངས་འདོད་འཚོལ་བསྡུ་བཅས་བརྒྱུད་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བ་རེད།
བྱ་སྤྱོད་སྤེལ་ཚུན། མི་དམངས་ཉེན་རྟོག་པས་ཚོགས་ཆུང་བགོས་ནས་གྲོང་ཚོ་ཁག་གི་དུད་ཚང་དུ་བསྐྱོད་དེ་བསླུ་འགོག་གཡོ་ཟོན་དང་མེ་ཟོན་བདེ་འཇགས་སོགས་ཀྱི་ནང་དོན་སྐོར་ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་བྱས་ཡོད། རྒན་རྒོན་དང་གཞིས་ལུས་བྱིས་པར་དམིགས་ནས་མི་དམངས་ཉེན་རྟོག་པས་བོད་རྒྱ་སྐད་གཉིས་ཐོག་ནས་འགྲེལ་བཤད་བརྒྱབ་པ་དང་འབྲེལ། དྲིལ་བསྒྲགས་ལག་དེབ་སྤྲད་དེ་ཚང་མར་སྲིད་ཇུས་སྒྲོག་འགྲེལ་ཐུབ་པའི་འགན་ལེན་བྱས་པ་རེད།
འཚམས་འདྲི་བྱེད་རིང་། མི་དམངས་ཉེན་རྟོག་པས་དམིགས་བསལ་མི་ཚོགས་ལ་གཙོ་གནད་དོ་ཁུར་བྱས་ནས་ཁྱིམ་ཚང་གི་རྩོད་གཞི་དང་ཁྱིམ་མཚེས་ཀྱི་འགལ་ཟླ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་བསལ་བ་དང་། རྙོག་འཛིང་ཆེ་བའི་གནད་དོན་ཐད་གྲོང་ཚོའི“ཨུ་ལྷན་གཉིས”སོགས་དང་མཉམ་དུ་རྩིས་ཁྲ་བཟོས་ནས་རྗེས་སྙེག་ཐག་གཅོད་བྱས་ཏེ། འགལ་ཟླ་ཆེ་རུ་མི་འགྲོ་བར་བྱས་པ་རེད།
མིག་སྔའི་བར། བྱ་སྤྱོད་དེ་སྤེལ་རིང་མང་ཚོགས་དུད་ཚང་1200ལྷག་ཙམ་ལ་འཚམས་འདྲི་བྱས་ནས་འགལ་ཟླ་དང་རྩོད་གཞི་ཁག་15ལྷག་ཙམ་བདེ་བླག་ངང་བསལ་བ་དང་། དམངས་འཚོའི་རེ་ཞུ་ཁག་23ཐག་གཅོད་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་གྱོད་གཞིའི་གྲངས་འབོར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས། མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་རེད།